༧སྐྱབས་མགོན་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་སྟོན་འཁོར་ལྷན་རྒྱས་ཐེན་ཝན་ཆིབས་བསྒྱུར་དང་སྦྲགས་བཀའ་ཆོས་གནང་མུས།

ཉེ་ཆར་རིགས་བརྒྱའི་ཁྱབ་བདག་འཁོར་ལོའི་མགོན་པོ་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་དང་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་རྣམ་གཉིས་དང་དཔལ་རྒྱལ་ཡུམ་ཆེན་མོ་གཙོས་སྟོན་འཁོར་ལྷན་རྒྱས་ཐེ་ཝན་དུ་ཞབས་སོར་བདེ་བར་འཁོད་གནང་ཡོད་པ་མ་ཟད། བཀའ་ཆོས་གནས་མུས་རེད་འདུག  དེ་མཚུངས་སྐྱབས་རྗེ་འཁོན་གདུང་ཨ་སང་གྷ་རིན་པོ་ཆེ་དང་སྐྱབས་རྗེ་ཐར་རྩེ་མཁན་ཆེན་རིན་པོ་ཆེ། སྐྱབས་རྗེ་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་བཅས་ཞལ་འཛོམས་བྱུང་འདུག

ཁ་རྩང་སྤྱི་ལོ ༢༠༢༣་ཕྱི་ཟླ་བཞི་པའི་ཚེས་ ༡ ཉིན་ནས་བཟུང་འདྲེན་མཆོག་བཀའ་དྲིན་སུམ་ལྡན་༸སྐྱབས་མགོན་ས་སྐྱ་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་ནས།

ཉིན་དང་པོ།

སྨན་བླ་བདེ་གཤེགས་བདུན་གྱི་བཀའ་དབང།

ཉིན་གཉིས་པ།

མགོན་དཀར་ཡིད་བཞིན་ནོར་བུའི་བཀའ་དབང་།

ཉིན་གསུམ་པ།

འཇམ་དབྱངས་ཀྱི་བཀའ་དབང་། ཐུབ་པ་དམ་ཚིག་གསུམ་བཀོད་དང་འབྲེལ་བའི་སྤྱན་རས་གཟིགས་བཀའ་དབང་།

ཉིན་བཞི་པ།

མ་ཧཱ་གུ་རུའི་རྡོ་རྗེ་ཚིག་བདུན་གྱི་བཀའ་དབང་།

ཉིན་ལྔ་པ།

ངན་སོང་སྦྱོང་བའི་རྒྱལ་པོ་ཀུན་རིག་རྣམ་པ་སྣང་མཛད་ཀྱི་བཀའ་དབང་།

ཉིན་འདི་དག་རིང་རྩ་བའི་བླ་མའི་སྐུ་གསུང་ཐུགས་གསུམ་གྱི་གཟི་བརྗིད་དང་ཉམས་འགྱུར། བྱིན་བརླབས་ཀྱི་དྲོད་ཁ་མ་ཡལ་བ། དད་ལྡན་མི་མང་རྣམ་པས་བླ་མ་ལ་དད་པ་དང་མོས་གུས། དད་ལྡན་སྐྱ་སེར་སྟོང་ཚོ་མང་པོའི་བཀའ་ཆོས་གནང་འཆར་འདུག

ཕྱི་ལོ་ ༢༠༢༣ ཟླ་ ༤ ཚེས་ ༡ ཉིན་སྔ་དྲོར་རིགས་བརྒྱའི་ཁྱབ་བདག་འཁོར་ལོའི་མགོན་པོ་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་ནས་ཐེ་ཝན་དུ་དད་ལྡན་མང་ཚོགས་ལ་སྨན་བླ་བདེ་གཤེགས་བདུན་གྱི་བཀའ་དབང་བཀའ་དྲིན་བསྩལ། དབང་གི་སྔོན་འགྲོའི་ཐོག་མར་ཀུན་སློང་དང་ཀུན་སྤྱོད་གྱི་གལ་གནད་སྐོར། རྡོ་རྗེའི་གུར་ནས་གསུངས་པའི་གསང་སྔགས་ཐུན་མོང་མ་ཡིན་པའི་ཡན་ལག་བདུན་པའི་རྗེས་བཟློས་ལན་གསུམ་གྱིས་སྒོ་ནས་སྐྱབས་འགྲོའི་སྡོམ་པ་དང་བྱང་ཆུབ་སེམས་པའི་སྡོམ་གནང་བ་དང་། དབང་གི་དངོས་གཞིར་སྨན་བླའི་བདེ་གཤེགས་བདུན་གྱི་སྐུ་གསུང་ཐུགས་ཀྱི་རྗེས་གནང་བཀའ་དབང་ཟབ་མོ་བཀའ་དྲིན་བསྩལ། ཕྱི་དྲོར་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་དང་། ངོར་ཆེན་རྒྱལ་བའི་རྒྱལ་ཚབ་ཐར་རྩེ་མཁན་རིན་པོ་ཆེ་མཆོག་དབུར་བཞུགས་ཐོག འདུས་ཚོགས་ནས་སྨན་བླའི་ཆོ་ག་གསུངས་གནང་སོང་།

སང་ཉིན་ཕྱི་ཚེས་ ༢ ཉིན་སྔ་དྲོར་མགོན་དཀར་གྱི་རྗེས་གནང་བཀའ་དྲིན་བསྩལ་རྒྱུ་གཏན་འཁེལ་བ།

༸སྐྱབས་མགོན་༸གོང་མའི་ཐུགས་རྗེ་བྱིན་བརླབས་གྲིབ་བསིལ་གྱི་འོག་ནས་རང་ཅག་རྣམས་འཚོ་རྒྱུ་བྱུང་བར་སྐལ་བ་བཟང་ངོ་།

ཡོན་ཏན་སངས་རྒྱས་ཀུན་དང་མཉམ་ན་ཡང་།།

བཀའ་དྲིན་སངས་རྒྱས་ཀུན་ལས་ལྷག་པའི་མགོན།།

རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས།།

བདག་སོགས་འགྲོ་བའི་བློ་སྣ་ཆོས་ལ་དྲོངས།།

ཕྱི་ལོ་ ༢༠༢༣ ཟླ་ ༤ ཚེས་ ༣ རེས་གཟའ་ཟླ་བའི་ཉིན། ཤར་ཨེ་ཤེ་ཡ་དང་ཞི་བདེའི་རྒྱ་མཚོའི་མངའ་ཁུལ། འབྱོར་ལྡན་རྒྱལ་ཁབ་ཐེ་ཝན་མཚོ་གླིང་གི་རྒྱལ་ས་ཐའི་པེར་དུ་ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པས་ཇི་ལྟར་གསོལ་བ་བཏབས་པ་བཞིན། དུས་གསུམ་རྒྱལ་བ་ཀུན་གྱི་མཁྱེན་རབ་ཀྱི་ཕུང་པོ་གཅིག་ཏུ་བསྡུས་པའི་རང་གཟུགས། རྗེ་བཙུན་འཇམ་པའི་དབྱངས་དངོས་མིའི་གཟུགས་སུ་རྣམ་པ་རོལ་པ། དེ་ཡང་འོད་གསལ་ལྷ་ཡི་རིགས། དྲི་མེད་འཁོན་གྱི་གདུང་། དཔལ་ལྡན་ས་སྐྱ་པ་སྟེ་མཚན་མཆོག་གསུམ་ལྡན། བསྟན་པ་ཡོངས་རྫོགས་ཀྱི་མངའ་བདག གངས་ལྗོངས་རྒྱལ་བསྟན་མི་རིགས་དང་བཅས་པ་ཉག་ཕྲ་བའི་སྐབས་འདིར་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གི་དབུ་འོག་དཔུང་འདེགས་ཀྱི་ཚུལ་དུ་འཕྲིན་ལས་ཀྱི་འོད་སྣང་འབུམ་དུ་འགྱེད་པ། རིགས་བརྒྱའི་ཁྱབ་བདག་འཁོར་ལོའི་མགོན་པོ་སྐྱབས་མགོན་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ནས། ༸སྐྱབས་མགོན་༸གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་དང་ངོར་ཆེན་རྒྱལ་བའི་རྒྱལ་ཚབ་ངོར་ཐར་རྩེ་མཁན་རིན་པོ་ཆེ་མཆོག་དབུས་པའི་རིས་མེད་མཁན་བླ་སྤྲུལ། དགེ་འདུན་འདུས་པ་རྒྱ་མཚོ། རང་གཞུང་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་དབུས་པའི་བོད་རིགས་སྤུན་ཟླ། གཞན་ཡང་ཐེ་ཝན་ས་གནས་གང་ས་ནས་ཕེབས་པའི་དད་ལྡན་མི་མང་སྟོང་ཚོ་བརྒལ་བ་ལ་ཇོ་བོ་བཀའ་གདམས་པའི་ལུགས་ཀྱི་ཐུབ་པ་དམ་ཚིག་གསུམ་བཀོད་དང་འབྲེལ་བའི་ཐུགས་རྗེ་ཆེན་པོའི་བཀའ་དབང་ཟབ་མོའི་བཀའ་དྲིན་བསྩལ།

ཚེས་ ༡༢ རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱི་འདས་མཆོད་ཉིན་༸སྐྱབས་མགོན་ས་སྐྱ་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་ནས་རྒྱ་གར་གྱི་གྲུབ་ཆེན་རཱ་ཧུ་ལ་ནས་མཁས་སྒྲུབ་ཁྱུང་པོ་རྣལ་འབྱོར་ལ་བརྒྱུད་པའི་མགོན་དཀར་ཡིད་བཞིན་ནོར་བུའི་བཀའ་དབང་བཀའ་དྲིན་བསྩལ།

ཕྱི་ལོ་ ༢༠༢༣ ཕྱི་ཟླ་ ༤ ཚེས་ ༡༣/༡༤ ཉིན་གཉིས་རིང་༸སྐྱབས་མཆོག་འཁོར་ལོའི་མགོན་པོ་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་གྲུབ་ཆེན་རྣལ་འབྱོར་དབང་ཕྱུག་བིར་ཝ་པ་ནས་བརྒྱུད་པའི་རྗེ་བཙུན་ས་སྐྱ་པའི་ཡབ་ཆོས་རྡོ་རྗེ་རྣལ་འབྱོར་མའི་ལྷ་སུམ་ཅུ་རྩ་བདུན་གྱི་དབང་ཆེན་སྟ་གོན་དང་དངོས་གཞི་བཀའ་དྲིན་བསྩལ།

ཕྱི་ཟླ་ ༤ ཚེས་ ༡༦ ཉིན་གྱི་སྔ་དྲོར་༸སྐྱབས་མགོན་ས་སྐྱ་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་ནས་རྗེ་བཙུན་ས་སྐྱ་པའི་ཐུན་མིན་གྱི་ཟབ་ཆོས་གསེར་ཆོས་བཅུ་གསུམ་གྱི་ནང་གསེས། ཀུ་རུ་ཀུལླེ་དང་། ནོར་རྒྱུན་མ་དམར་མོའི་རྗེས་གནང་བ་དང་། ཕྱི་དྲོར་༸སྐྱབས་མགོན་ས་སྐྱ་༸གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་མཻ་ཏྲི་མཁའ་སྤྱོད་ཀྱི་བྱིན་བརླབས་བཀའ་དྲིན་བསྩལ།

ཕྱི་ཟླ་ ༤ ཚེས་ ༡༧ ཉིན་༸སྐྱབས་མགོན་ས་སྐྱ་༸གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་རྗེ་བཙུན་ས་སྐྱ་པའི་ཟབ་ཆོས་ཀྱི་གདམས་པ་རྒྱ་མཚོ་ལྟ་བུ་ལས་ལྕགས་རི་ལས་མི་འདའ་བའི་ཟབ་ཆོས་གསེར་ཆོས་བཅུ་གསུམ་གྱི་ནང་གསེས། སྤྱན་རས་གཟིགས་སེངྒེ་སྒྲ་དང་། འཇམ་དཔལ་ནག་པོའི་རྗེས་གནང་བཀའ་དྲིན་བསྩལ། ཕྱི་དྲོར་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་ནས་མ་ཧཱ་གུ་རུའི་རྡོ་རྗེའི་ཚིག་བདུན་གྱི་བཀའ་དབང་ཟབ་མོ་བཀའ་དྲིན་བསྩལ་གནང་བ།

ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས།

པདྨ་གེ་སར་སྡོང་པོ་ལ།

ཡ་མཚན་མཆོག་གི་དངོས་གྲུབ་བརྙེས།

པདྨ་འབྱུང་གནས་ཞེས་སུ་གྲགས།

འཁོར་དུ་མཁའ་འགྲོ་མང་པོས་བསྐོར།

ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱི།

བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ།

གུ་རུ་པདྨ་སིདྡྷི་ཧཱུྃ༔

སྙིགས་དུས་འགྲོ་བའི་མགོན་སྐྱབས་མ་ཧཱ་གུ་རུ་པདྨ་འབྱུང་གནས་ཀྱིས་བྱིན་གྱིས་རློབས་ཤིག སྙིགས་དུས་ཀྱི་རྒུད་པ་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག

ཕྱི་ཟླ་ ༤ ཚེས་ ༡༩ ཉིན་རིགས་བརྒྱའི་ཁྱབ་བདག་འཁོར་ལོའི་མགོན་པོ་དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་ནས་རྗེ་བཙུན་ས་སྐྱ་པའི་ཟབ་ཆོས་ཀྱི་གདམས་པ་རྒྱ་མཚོ་ལྟ་བུ་ལས་ལྕགས་རི་ལས་མི་འདའ་བའི་ཟབ་ཆོས་གསེར་ཆོས་བཅུ་གསུམ་གྱི་ནང་གསེས། ཚོགས་བདག་དམར་པོའི་རྗེས་གནང་དང་ལྷ་མོ་ཏི་ནུ་མའི་རྗེས་གནང་བཀའ་དྲིན་བསྩལ་གནང་འདུག

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*