རིག་པའི་སི་བོད་གླིང་།

གསེར་རྟ་བདེ་དར།

བཅུ་ཕྲག་རིག་པའི་གཞུང་ལུགས་སྔོན་བྱོན་མཁས་པའི་བློ་ལས་བྱུང་། །
རིག་གཞུང་རྒྱ་མཚོར་འཇུག་པའི་དགེ་རྒན་དམ་པ་འདི་རུ་བཞུགས། །
རིག་གཞུང་ནམ་མཁའི་ནོར་བུ་འཛིན་པའི་གདུལ་བྱའི་སྒྲོན་མེ་ཉིད། །
མ་ཡུམ་སི་བོད་གླིང་གི་དགེ་བའི་བཤེས་གཉེན་རྣམ་པར་འདུད། །

གཅིག་དགུ་གྱ་གཅིག་དུས་ཀྱི་སྐལ་བ་བཟང་བོའི་ཉི་འོད་རྒྱས།།
མཆོག་སྤྲུལ་ཐུབ་བསྟན་ཉི་མའི་གཙོས་པའི་དབུ་ཁྲིད་དག་གིས་དྲིན། །
བོད་ཡིག་སློབ་གྲྭ་སྡེ་དགེའི་རྫོགས་ཆེན་གནས་སུ་ཆགས་མཛད་ཏེ། །
གཟི་འོད་ཕྱོགས་བཞིར་འགྱེད་པའི་རིག་པའི་གླིང་ཀ་དེ་ནས་ཆགས། །

སྦྲ་གུར་ལྕགས་རིའི་ཡུལ་ནས་ད་ལྟའི་དེང་རབས་རྗེས་འགྲོ་ཞིང་། །
ལོ་ངོ་བཞི་བཅུའི་འཕོ་འགྱུར་སྣང་བའི་སྒོ་མོར་རབ་གསལ་འདི། །
མེས་པོ་མི་རབས་དུ་མས་བརྩོན་པའི་རྒྱུན་བསྐྱངས་ད་ལྟའི་ཚུལ། །
བདག་ཅག་ཀུན་ལ་བསྐྲུན་པར་བཀའ་དྲིན་སྙིང་ནས་བརྗེད་པ་མེད། །

དེང་དུས་སི་བོད་གླིང་གི་མཚན་སྙན་ཕྱོགས་བཅུར་ཁྱབ་འདི་བརྗིད། །
མཛེས་པ་ཀུན་ལས་བརྒྱན་འདི་སྐྱིད་པའི་དབྱར་གྱི་དགའ་ཚལ་བཞིན། །
རིག་པའི་གནས་བཅུ་འཛོམས་པ་བཀྲ་ཤིས་སྟོབས་ཀྱིས་དཔལ་འབར་བ། །
ཡ་རབས་སྤྱོད་བཟང་ཚུལ་འཆང་གཞོན་པའི་སློབ་བུ་རང་ཅག་སྤྲོ། །

ཤེས་རིག་འདབ་བརྒྱ་གྲོལ་བའི་སྐྱིད་པའི་སློབ་གླིང་དགའ་ཚལ་ན། །
དམ་པའི་ཡོན་ཏན་ཀུན་འཛོམས་ཤེས་བྱའི་གནས་བཅུ་ལས་རྫོགས་ཅིང་། །
ལྷག་བསམ་དུང་བ་དཀར་པོའི་གདུལ་བྱ་སྐྱོང་བར་བརྩོན་པའི་མགོན། །
དཔའ་བུ་བསོད་ནམས་སྟོབས་རྒྱལ་སློབ་གླིང་འདི་ཡི་གཙུག་གི་རྒྱན། །

ཤེས་བྱའི་འོ་ཆུ་བཏུང་བའི་བཅུ་དྲུག་ལང་ཚོའི་གཞོན་ཤར་རྣམས། །
ལང་ཚོའི་ཁོ་ལག་རྒྱས་ལ་ཤེས་རབ་སྒོ་མོ་རབ་གསལ་བའི། །
རྣམ་དཔྱོད་གཤོག་རྩལ་རྒྱས་པ་མཐའ་མེད་མཁའ་ཡི་ཐང་དཀར་རྒོད། །
རིག་པའི་གནས་ལ་སྦྱོངས་ཤིག་མ་འོངས་མི་རིགས་བདག་པོ་ཉིད། །

སི་བོད་གཅིག་དགུ་དྲུག་པའི་སྤྲོ་ལྡན་གཞིས་ཁྱིམ་དྲོད་མོ་འདིར། །
བྱམས་ལྡན་གངས་ཅན་རིགས་པའི་སྐྱེ་ལྡན་མི་བུ་གཞོན་ཤར་འཛོམས། །
བཅུ་ཕྲག་རིག་པའི་གཞུང་ལ་འཇུག་པའི་གནམ་དཔྱོད་བློ་གྲོས་འཕེལ། །
གནམ་དཔྱོད་གཤོགས་རྩལ་རྒྱས་ནས་མ་འོངས་ལམ་དུ་གོམ་བསྐྱོད་ཅིག།

བཀྲ་ཤིས་དགེ་མཚན་ཉི་ཟླའི་དབུ་འཕང་བཞིན་དུ་འཕེལ་གྱུར་ཅིག།
རིག་པའི་བསྟན་པ་མཁའ་ཡི་སྐར་ཚོགས་བཞིན་དུ་བརྟན་གྱུར་ཅིག།
སློབ་གླིང་སྐྱིད་པའི་ར་བ་ཡར་ངོས་ཟླ་ལྟར་འཕེལ་གྱུར་ཅིག།
མ་ཡུམ་སི་བོད་གླིང་གི་བསྟན་པ་ནམ་ཡང་རྒྱས་གྱུར་ཅིག།

Be the first to comment

Leave a Reply

Your email address will not be published.


*