རྩོམ་པ་པོ། མཁན་པོ་འདན་མའི་ལྷ་མདའ།
བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་ནས་བདག་ཅག་རྣམས་ཀྱི་དྲིན་ཆེན་རྩ་བའི་བླ་མ་མི་འཕྲོག་པའི་མཁྱེན་རབ་ཀྱི་བདག་པོ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ངེས་པའི་དོན་དུ་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་ཉིད་དང་གཉིས་སུ་མེད་པ།
དྲང་དོན་དུ་འཁོན་རིགས་སུ་སྐུར་བཞེངས་པའི་༧སྐྱབས་མགོན་ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེའི་བར་དུ་བླ་མའི་བརྒྱུད་པ་མ་ཆད་པ།དབང་གི་ཆུ་བོ་མ་ནུབ་པ།བྱིན་རླབས་ཀྱི་ཚན་ཁ་མ་ཡལ་བའི་ཕུར་པའི་ཆོས་སྐོར་འདི་ནི་བོད་གངས་ཅན་ལྗོངས་ཀྱི་རྗེ་བཙུན་ས་སྐྱ་པ་རྣམས་ཀྱི་ཐུགས་དམ་གྱི་ཉིང་ཁུ་གདམས་པའི་ཏོག་ལྟ་བུ་ཁྱད་དུ་འཕགས་པ་གྲགས་པ་དེའི་ལོ་རྒྱུས་མདོར་བསྡུས་ཤིག་བྲིས་ཡོད་པས།
བསླབ་གསུམ་ནོར་གྱིས་བརྒྱན་པ་མཁས་པ་རྣམས་ལ་རྔོ་ཐོགས་པའི་བྱ་གཞག་ཞིག་ཏུ་འགྱུར་མིན་མི་ཤེས་ཀྱང།བདག་དང་སྐལ་བ་མཉམ་པ་རྣམས་ནི་ཕན་ངེས་ཡིན་པས་ན།
རྒྱ་ཆེ་གཟིགས་པ་པོ་རྣམས་ཀྱིས་ཐུགས་དཀྱེལ་ཡངས་ངང་ནས་གཟིགས་པར་འཚལ།
བོད་ཀྱི་མཁས་པ་སྔ་མ་རྣམས་ཀྱིས་“ཕུར་པའི་ཆོས་འབྱུང་ངམ་དེ་ལྟར་བྱུང་བ་བརྗོད་པ་”ཞིག་ཁོང་རྣམས་ཀྱི་གསུངས་ལས་ཐོར་བུ་ཐོར་བུ་ལས་གོ་རིམ་སྟར་ཆགས་སུ་བཀོད་པ་ཞིག་མེད་པས།
ཕྲན་གྱིས་ལོ་རྒྱུས་ཐོར་བུ་བ་རྣམས་ཕྱོགས་གཅིག་ཏུ་གུང་བསྒྲིགས་ནས་ཆོས་འབྱུང་འདི་བྲིས་ཡོད།
དེ་ཡང་རྩ་བའི་ཚན་པ་ལྔ་སྟེ།
༡༽ཆོས་འདིའི་སྟོན་པའི་བདག་པོའི་སྐོར།
༢༽དེས་གསུངས་པའི་ཆོས་ཀྱི་སྐོར།
༣༽དེ་ཉིད་མི་ཡུལ་དུ་དར་ཚུལ་གྱི་སྐོར།
༤༽དེ་ཉིད་འཁོན་གྱིས་རྒྱུད་པས་དར་སྤེལ་གཏོང་ཚུལ།
༥༽ཕུར་པ་ལ་བརྟེན་ནས་གྲུབ་རྟགས་བྱུང་ཚུལ།
དང་པོ་ཆོས་འདིའི་སྟོན་པའི་བདག་པོའི་སྐོར་ནི།
གདུལ་བྱ་ཇི་ལྟར་བྱུང་བའི་སྐོར།
འདུལ་བྱེད་སྟོན་པ་གང་གིས་འདུལ་བའི་ཚུལ།
དེ་ཉིད་ཇི་ལྟར་འདུལ་བའི་ཚུལ།
དང་པོ་ནི།
<<ཕུར་པ་མྱང་འདས་ཀྱི་རྒྱུད་>>ལས།
“ཀརྨ་ཧེ་རུ་ཀས་ཁྲག་འཐུང་ཆེན་པོ་ལ་ཞུས་པ།
སྲིན་པོ་རུ་ཏྲ་གདུག་པ་འདི།།རྒྱུ་དང་རྐྱེན་ནི་ཅི་ལས་བྱུང།།
འབྲས་བུ་གང་དུ་སྨིན་པར་འགྱུར།།ལས་སྐལ་སྤྱོད་པ་ཅི་ཞིག་བྱེད།
མ་བཏུལ་བ་ཡི་སྐྱོན་ནི་ཅི།།བཏུལ་ན་ཡོན་ཏན་ཅི་ཞིག་ཐོབ།།
ཅེས་ཞུས་པ་ལ།
ཁྲག་འཐུང་རྡོ་རྗེ་བཀའ་སྩལ་བ།།ལོག་པའི་སེམས་ཅན་ཆེན་པོ་འདི།།
དམ་ཚིག་ཉམས་པའི་རྒྱུ་ལས་བྱུང།།རྐྱེན་ནི་བླ་མ་སྤངས་པའོ།།
འབྲས་བུ་ཉོན་མོངས་ལྔ་རུ་སྨིན།།ལས་སྐལ་ཆགས་སྡང་སྤྱོད་པ་ཞེན།།
མ་བཏུལ་ལྷ་མིའི་སྲིད་པ་བརླག།སངས་རྒྱས་ཞིང་ཡང་སྟོངས་པར་བྱེད།།
བཏུལ་ན་ཡོན་ཏན་དཔག་མེད་དེ།།དུག་གསུམ་རྩད་གཅོད་འཁོར་དོང་སྤུག།”
ཅེས་རྩ་རྒྱུད་ནང་དུ་ཚིགས་བཅད་ཀྱི་ཚུལ་དུ་གསུངས་ཡོད།
དེ་ཉིད་ཚིག་ལྷུག་ཏུ་གོ་བདེ་བར་ཞིག་ནི།
འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེས་མཛད་པའི་<<དཔལ་རྡོ་རྗེ་ཕུར་པ་རྩ་བའི་རྒྱུད་ཀྱི་དུམ་བུའི་འགྲེལ་པ་སྙིང་པོ་བསྡུས་པ་དཔལ་ཆེན་དགྱེས་པའི་ཞལ་ལུང།>>ལས།
རྩོམ་པ་པོ། མཁན་པོ་མདའ་མའི་ལྷ་དར།
སྔོན་འདས་པའི་དུས་བསྐལ་པ་ཀུན་ནས་བཀོད་པ་ཞེས་བྱ་བའི་དུས་སུ།
དེའི་ཚེ་ཡང་དག་པ་རྫོགས་པའི་སངས་རྒྱས་སྔོན་བྱུང་ཞེས་བྱ་བའི་བསྟན་པ་ལ།
ཁྱིམ་བདག་ཀེའུ་ཀ་ལ་བུ་ཐར་བ་ནག་པོ་ཞེས་བྱ་བ་ཞིག་དང་།
གཡོག་དན་འབག་ཅེས་བྱ་བ་གཉིས་བྱུང་ངོ།།
དེའི་དུས་སུ་དགེ་སློང་ཐུབ་དཀའ་གཞོན་ནུ་ཞེས་བྱ་བ།
སྐུ་ཉན་ཐོས་དང་།གསུང་མདོ་སྡེ།ཐུགས་གསང་སྔགས་ལ་སྤྱོད་པ་ཞིག་བྱུང།
ཐར་བ་ནག་པོ།དགེ་སློང་དེའི་དྲུང་དུ་ཕྱིན་ནས་སྨྲས་པ།ཉོན་མོངས་ལྔ་མ་སྤངས་པར་སྤྱད་པས་གྲོལ་བའི་ཆོས་ཞིག་ཡོད་དམ་མེད་ཅེས་ཞུས་པས།
དགེ་སློང་གིས་གསང་སྔགས་ལ་དགོངས་ནས་ཡོད་རུང་བྱས་གསུང་པས།
ཐར་བ་ནག་པོས་ཁོ་ཡང་ཁྱེད་ཀྱི་རྗེས་སུ་འབྲང་ངོ་ཞེས་ཞུས་ནས་གསང་སྔགས་ཀྱི་ཆོས་ལ་སྤྱོད།
དེ་ནས་གཡོག་དན་འབག་ཀྱང་དགེ་སློང་དེའི་དྲུང་དུ་ཁྲིད།
དགེ་སློང་གིས་གསུང་པ།
ཇི་ལྟར་དེ་ཉིད་མ་བཅོས་ན།།དངོས་པོ་བཞི་ལ་སྤྱད་བྱས་ཀྱང།།
ནམ་མཁའ་ལ་སྤྲིན་བཞིན་ཏེ།།འདི་ནི་རྣལ་འབྱོར་དམ་པའི་ལམ།།
ཞེས་གསུང་པས།
དེའི་དགོངས་པ་མ་ཤེས་པས།ཐར་ནག་གིས་གསང་སྔགས་སྒྲ་ཇི་བཞིན་པར་སྤྱད་དོ།།
གཡོག་དན་འབག་གིས་དགོངས་པ་ཅན་དུ་སྤྱད་པས་མ་ནོར་རོ།།
གཡོག་དན་འབག་གིས་ཐར་ནག་གིས་ནོར་རོ་ཞེས་བཤད་པས།
འོ་ན་རུ་ལ་ཐུག་ཟེར་ཏེ་ཐུག་པས།དགེ་སློང་བཀས་དགོངས་པ་ཅན་ནོ་ཞེས་གསུང་པས།
ཐར་ནག་རབ་ཏུ་ཁྲོས་ཏེ།དགེ་སློང་ལ་གནོད་པ་བྱས་ནས་དགེ་སློང་གི་འཚོ་བ་ཡང་འཕྲོག་པར་བྱས་སོ།།
ཐར་ནག་གིས་དངོས་པོ་བཞི་ལ་སྤྱད་དོ།།
དེའི་རྣམ་སྨིན་གྱིས་ཐར་ནག་ཚེ་འཕོས་མ་ཐུག་ཏུ་སྤྱང་ཀིའི་སྐྱེ་བ་ལན་ལྔ་བརྒྱ་བླངས་སོ།།
དེའི་ཕྱི་མ་ལ་འཕར་བ་ལག་སྡེབས་ཀྱི་ལན་ལྔ་བརྒྱ་དང་།ཅེ་སྤྱང་སྔོན་པོ་དང་།གཅན་གཟན་རྣམས་སུ་ལན་ལྔ་བརྒྱ་རེ་བླངས་སོ།།
ཡང་དེའི་གཉེན་པོ་རེ་རེ་ལུང་བླངས་ནས་གསོད་པའི་ལས་ཀྱང་རེ་རེས་བྱས་སོ།།
དེ་ནས་འབུ་སྦུར་དང།ཡི་དྭགས་དང་།དམྱལ་བ་རྣམས་སུ་སྐྱེས་ཤིང་རྒྱུད་སྦྱངས་སོ།།
མཇུག་ཏུ་རི་མ་ལ་ཡའི་དྲུང་དུ་སྨད་འཚོང་མ་ཞིག་གི་བུ་རུ་སྐྱེས་ནས།
མོས་ཁོ་ཡི་ཡན་ལག་རག་པས་དེའི་མོད་ལ་སྨད་འཚོང་མ་མོ་གྲོངས་པས།
གྲོང་པའི་མི་རྣམས་ཀྱིས་མའི་རོ་དང་བུ་གཉིས་ཀ་དུར་ཁྲིད་ལ་བསྐྱེལ་བར་བྱས།
བུས་མོའི་རོའི་འོ་མ་འཐུང་པ་དང།དེ་ནས་འོ་མ་ཟད་ནས་ཆུ་སེར་ཡང་འཇིབས།དེ་ནས་ནུ་མ་ཡང་ཟས་ནས་ཞག་བདུན་འཚོ།
དེ་ནས་བྲང་ཕུག་སྟེ་གློ་བ་དང་སྙིང་གཉིས་ཀྱང་ཟས་སོ།དེ་ནས་ཕྱིའི་ལུས་ཀྱང་ཟས་སོ།
མོའི་ལུས་ཟད་དང་པ།ཁོ་ཡང་གོག་ནས་འགྲོ་ཤེས་ཙམ་རེད་སྐབས།
དུར་ཁྲོད་ལ་ཡོད་པའི་རོ་གཞན་རྣམས་ཀྱང་ཟས་པས།ལུས་ལ་སྤུ་ཁབ་འདྲ་བ་སྐྱེས།
སེན་མོ་རྣམས་ལྕགས་ཀྱུ་འདྲ་བ་བྱུང།།
རྒྱབ་ཏུ་གཤོག་པ་སྐྱེས་ནས་འཕུར་ཤེས་པ་ཡང་གྱུར་ནས་སེམས་ཅན་གྲངས་ལས་འདས་པ་གསད་ཅིང་ཟས་སུ་ལོངས་སུ་སྤྱད་དོ།།
རུ་དྲ་མ་ཏྲཾ་རུ་མ་ཏྲ་ཟེར་ཞིང་ང་ལས་དབང་ཆེ་བ་སུ་ཡོད་ཅེས་ཟེར།
ལྷའི་རྒྱལ་པོ་མ་ཏྲཾ་ཀ་རུ་ཡོད་ཟེར་བས་དེ་རུ་ཕྱིན་ནས་ཁ་ནས་མེ་དབལ་བཏང་ནས་དེ་ཡང་བསད་ཅིང་།དེའི་ཆུང་མ་ཡང་འཕྲོགས་སོ།།
ལྷ་སྲིན་སྡེ་བརྒྱད།སིང་ཧ་ཀཽ་རཱི་ཕྱོགས་སྐྱོང་བཅུ།
དབང་ཕྱུག་མ་ཐམས་ཅད་དབང་དུ་བསྡུས་སོ།།
དེའི་ཚེ་སེམས་ཅན་ཐམས་ཅད་ལོག་ལྟ་སྐྱེས་བ་ཤ་སྟག་བྱུང་ངོ།།
གཉིས་པ་འདུལ་བྱེད་སྟོན་པའི་སྐོར་ནི།
དེའི་ཚེ་ཀརྨ་ཀས་དུས་གསུམ་གྱི་རྒྱལ་བ་རྣམས་བསྐུལ་ནས་འོག་མིན་དུ་བཀའ་བགྲོས་ཏེ་འགྲོ་བའི་དོན་དུ་རུ་དྲྭ་ཞི་བའི་སྒོ་ནས་འདུལ་བར་དགོངས་པས།
རུ་ཏྲ་དེ་བམ་རི་ཐོད་མཁར་གྱི་ནང་ན།བམ་ཆེན་གྱི་སྟེང་ན།
སྲིན་མོ་ཀྲོ་དྷི་ཤྭ་རཱི་དང་འདོད་པ་ལ་རོལ་ཅིང།
བདུད་དང་སྲིན་པོ་རྣམས་ཀྱིས་སྐོར།
ཕྱི་ན་ཁྲག་གི་རྒྱ་མཚོ་དང་།ཀེང་རུས་ཀྱི་རི་རབ་ཀྱིས་བསྐོར་ཅིང་ཡོད་པ་ལ།
དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས་ཕྲིན་ལས་བཞི་ལས་དང་པོ་ཞི་བའི་ཕྲིན་ལས་ཀྱིས་འདུལ་བར་དགོངས་ནས།
སྤྲུལ་སྐུ་ཤཱཀྱ་ཐུབ་པ་སོགས་དགེ་སློང་གི་གཟུགས་སུ་བྱོན་ནས་སྤྲུལ་པ་མཛད་ཀྱང།ཐར་ནག་ན་རེ།གོའུ་ཏ་མ་ཁྱོད་རང་གི་དཀའ་ཐུབ་ན་ནོས་ཤིག།
ལྟོག་ན་ཟས་སོ།།སྐོམ་ན་ཆུ་གྲང་འཐུང་ཟེར་རོ།།སེ་གོལ་གཏོགས་ནས་སོང་ངོ།།
འོད་སྲུང་དང་གསེར་ཐུབ་ལ་སོགས་པ་ཡང་དེ་ལྟར་བྱུང་ངོ།།
དེ་ནས་སངས་རྒྱས་ཐམས་ཅད་ཀྱིས་བཀའ་བགྲོས་ཏེ།རྡོ་རྗེ་རྟའི་ཚོགས་ལ་བཀའ་བསྒོས་ནས་།དེ་རྣམས་ཀྱིས་ཐར་ནག་པོ་ཁས་མིད་པ་སོགས་མཛད་པ་དང།རྟ་མགྲིན་གྱི་ལུས་བརྒྱངས་ནས་སྐད་ངན་ཤོར་ནས་རྟ་མགྲིན་སྤྱི་བོ་ནས་ཕྱི་ལ་ཤོར་བ་དང།དེ་ནས་གཤིན་རྗེ་གཤེད་སོགས་ཀྱིས་ཀྱང་མ་ཐུལ།
ཇི་སྐད་དུ།
ཤིན་ཏུ་གདུག་ཅིང་གཏུམ་པ་ལ།།ཞི་བས་ཕན་པར་མི་འགྱུར་ཏེ།།
ཤེས་རབ་ཐབས་ཀྱི་ངོ་བོ་ལ།།ཁྲོ་བོ་དེ་བཞིན་གཤེགས་ཀུན་མཛོད།།
ཁྲོ་བའི་ཚུལ་ཅན་ཁྲོས་པས་ཀྱང།།འཇིག་རྟེན་གསུམ་དག་སྲེག་བྱེད་ན།།
སངས་རྒྱས་ཐམས་ཅད་ཁྲོས་པ་ཡིས།།ཁམས་གསུམ་མ་ལུས་སྨོས་ཅི་དགོས།།
ཞེས་བུདྡྷ་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྒོ་ནས་བཀའ་བགོས་ཏེ་རྡོ་རྗེ་རྟའི་ཚོགས་སོགས་ཁྲོ་བོ་ཆེན་པོ་རྣམས་རིམ་པར་སྤྲོས་ཏེ་མ་ཐུལ་བའི་ཚུལ་མཛད་པ་ཡིན།
གསུམ་པ་དེ་ཉིད་ཇི་ལྟར་འདུལ་བའི་ཚུལ་ནི།
ཡང་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་བཀའ་བགྲོས་ནས་སྦྱང་གཞི་དང་སྦྱོང་བྱེད་ལ་དགོངས་བཞིན་པས་ཐབས་ཀྱི་ཁྱད་པར་ཐུན་མོང་མིན་པས་འདུལ་བར་དགོངས་ཏེ།
དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པ་གཅིག་ཏུ་བསྡུས་ནས་རུ་དྲྭ་ཐར་པ་ནག་པོར་སྤྲུལ།།དེའི་ཆུང་མ་ཀྲོ་དྷི་ཤྭ་རི་ལ་མ་ཆགས་ཐབས་ཀྱི་སྦྱོར་བ་མཛད་ནས་སྲིན་མོའི་ལྷུམས་སུ་ཟླ་དཀྱིལ་ལ་བྱང་སེམས་ཧཱུྃ་གི་རྣམ་པར་ཕབ་སྟེ་བཞག།
གཞན་ཡང་འཁོར་གཏུམ་མོ་དང་སྲིན་མོ་བཅས་པ་ཐམས་ཅད་སྤྲུལ་པས་དབང་དུ་བྱས།
དེ་ནས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པ་དབྱིངས་སུ་མི་དམིགས་པར་མཛད་ནས་རིམ་གྱིས་འཁོར་གཏུམ་མོ་དང་སྲིན་མོ་རྣམས་ལའང་ཕག་དང་དོམ་གྱི་མགོ་ཅན་ལ་སོགས་པའི་ལྟས་ངན་མང་པོ་སྐྱེས།
རུ་དྲྭས་ཆུང་མ་ལ་བུ་སྟོན་སྨྲས་པས།རུ་དྲྭའི་ཆུང་མ་ཀྲོ་དྷི་ཤྭ་རི་ལའང་བུ་རྡོ་རྗེ་གཞོན་ནུ་དབུ་གསུམ་ཕྱག་དྲུག་པ།རྡོ་རྗེའི་གཤོག་པས་བར་སྣང་ཁྱབ་པ།ཀཱི་ལ་ཡའི་སྒྲ་སྒྲོགས་པ་དང་བཅས་པ་སྐྱེས་འདུག་པ་རུ་དྲྭས་མཐོང་མ་ཐག་འཁོར་དང་བཅས་པ་རྣམས་བརྒྱལ་ནས་འགྱེལ།
ཁ་ནས་ཁྲག་སྐྱུགས་སོ།།དེ་སྐད་དུ།
རྡོ་རྗེ་ཁྲོས་པ་རྩ་བའི་རྒྱུད་ལས།ཁྲོ་ཆེན་རབ་ཏུ་ཁྲོས་པ་མཐོང་བ་ཡིས།།
སྐད་ཅིག་ཙམ་ལ་རུ་དྲྭ་དངང་ཤིང་སྐྲག།།ཕྱོགས་བཅུ་ཀུན་ཏུ་འབྲོས་པའི་ཚུལ་ཡང་བསྟན།།
སྡུག་བསྔལ་ཆེན་པོ་དེ་ཡི་དུས་སུ་མྱངས།།ཞེས་གསུངས་སོ།།
དེ་ནས་བརྒྱལ་སངས་པ་དང་ལངས་ནས་འཁོར་རྣམས་ལ་བོས་ཏེ་སྨྲེ་སྔགས་མང་དུ་བཏོན་པས་བདུན་ཀྱི་དམག་དཔུང་གཏིབས།མཚོན་ཆའི་ཆར་ཕབ་པ་དང་བསྟུན་རུ་དྲྭས་ཀྱང་དབུ་གསུམ་ཕྱག་ཏུ་བྱས་པ་དང་རྡོ་རྗེ་གཞོན་ནུས་དབུ་དགུ་ཕྱག་བཅོ་བརྒྱད་པར་སྤྲུལ་ཏེ་བ་སྤུའི་བུ་ག་ནས་ཀྱང་དེ་འདྲ་བ་དཔག་ཏུ་མེད་པར་སྤྲུལ་ཏེ་ངག་སྨྲ་བརྗོད་དང་བྲལ་བར་བྱིན་གྱིས་བརླབས།།
རུ་དྲྭས་ཀྱང་དབུ་དགུ་ཕྱག་བཅོ་བརྒྱད་པར་སྤྲུལ་པའི་གཉེན་པོར་རྡོ་རྗེ་གཞོན་ནུས་དབུ་ཕྱག་སྟོང་།སྤྱན་བྱེ་བ་སྟོང་དུ་སྤྲུལ།དབུ་དགུ་པ་མང་པོ་བ་སྤུའི་བུ་ག་ནས་ཀྱང་བཀྱེས།ཁྲོ་བོ་བཅུ་སྤྲུལ་ནས་ཕྱོགས་སྐྱོང་བཅུ་གདན་དུ་བཏིང།དེ་ནས་རྡོ་རྗེ་གཞོན་ནུའི་སྤྱི་གཙུག་ནས་ཧ་ས་ཡ་ར་ཧྲི་ཏ་ན་ཡ་ཐོན།
རུ་དྲྭའི་སྤྱི་གཙུག་ཏུ་ཞུགས་ནས་སྐྱོབ་པའི་ལྷ་དང་ཕྲལ།གཞན་ཡང་གབ་པའི་སྔགས་དྲུག་རྣམས་སྐུའི་གནས་སོ་སོ་ནས་སྤྲོས་ཏེ་རུ་དྲྭའི་གནས་སོ་སོར་་ཞུགས་པས་གཟུགས་ལ་དབབ།བྱད་དུ་གཞུག།།སྨྱོར་གཞུག།རྡུལ་དུ་བརླག།ཞལ་དུ་བསྟབ་པ་སོགས་མཛད།བདུད་ཀྱི་འཁོར་རྣམས་ཀྱང་སོ་སོར་བྱེར།
དུས་དེར་རྡོ་རྗེ་གཞོན་ནུ་ལ་དུས་གསུམ་གྱི་བདྡྷ་ཐམས་ཅད་ཀྱིས་རྡོ་རྗེ་སྲིན་པོའི་དུར་དབྱངས་ཀྱིས་བསྟོད་དོ།།རྡོ་རྗེ་རྟའི་ཚོགས་ཀྱིས་རྟའི་རྔ་མ་དབྱངས་ཀྱིས་དཔའ་སྐོང།དེའི་ཚེ་རྡོ་རྗེ་གཞོན་ནུས་རུ་དྲྭའི་ཁ་ཊྲཱཾ་ཕྲོགས་ཏེ་ཕུང་པོ་ལ་ཐུར་མ་བཙུགས་ཏེ།ཨ་ལ་ལ་ཧོཿཞེས་གསུངས་ཏེ་ཞལ་དུ་གསོལ་ནས་ཁྱུར་མིད་མཛད་དེ་ཕྱལ་དུ་སྦྱངས་པས་སྐྱེ་བ་གྲངས་མེད་པའི་ལུས་བླངས་པ་ནི་དྲན།
ལས་དགེ་སྡིག་མི་བསླུ་བར་ན་རིག།དུས་དེར་རུ་དྲྭས་སྨྲེ་སྔགས་བརྗོད་དོ།།
དེ་ནས་རྡོ་རྗེ་གཞོན་ནུའི་གསང་བ་ནས་བཏོན་ཏེ་མདུན་དུ་བཞག་ནས་སྤྱོ་བ་བརྒྱད་ཀྱི་སྒོ་ནས་སྤྱོས།འཁོར་སྡེ་བརྒྱད་ཀྱིས་ཀྱང་བཤགས་པར་བྱས་ནས་རང་རང་གི་མགོ་བོ་བཅད་དེ་ཕུལ།སྐབས་དེར་རུ་དྲྭས་སྨྲས་པ།
བསྣམས་ནས་བཏོན་པ་ཐུགས་རྗེ་ཆུང།འབངས་སུ་མཆིའོ་གཙིགས་མ་ཆུང།
བཀའ་ལས་འདས་ནས་འཚིག་པར་འགྱུར།མ་དང་སྲིན་མོ་བྲན་མོ་རྣམས།།
འབངས་སུ་འབུལ་ལོ་བཀའ་ལ་ཐོགས།།དབུས་སུ་མཆིས་སྐལ་མི་ལྡན་གྱི།།
འབར་བའི་དཀྱིལ་འཁོར་མཐའ་ལ་ཞོག།ཕུད་ལ་འཚལ་སྐལ་མི་ལྡན་གྱི།།
ལྷག་མ་ཁ་ཕྲུས་བྲོན་ལ་སྩོལ།ཞེས་དང།
<<རྩ་རྒྱུད་>>ལས།
རུ་དྲྭ་མ་རུངས་དེ་ཡི་དུས་སུ་བཏུལ།།ཁྲོ་བོའི་རྒྱལ་པོ་རྡོ་རྗེ་གཞོན་ནུ་ལ།།
གཟུགས་ཀྱི་ཕུང་པོ་གདན་དུ་རབ་ཏུ་བཏིང།།རྣ་བའི་དབང་པོས་ཞི་བའི་ཆོས་ཀྱང་ཉན།།
ཡིད་ནི་འགྱོད་པའི་སྨྲེ་བཤགས་མང་དུ་བྱས།།ཞེས་གསུངས་པ་ལྟར།
རུ་དྲྭ་གཙོ་བོའི་གདན་དུ་བཏིང།འཁོར་རྣམས་ཀྱིས་ཀྱང་ཕྱོགས་སྐྱོང་བཅུ་ལ་སོགས་པ་ཕོ་ཁ་སྦུབས།མ་གན་རྒྱལ།བྱིན་པ་འཁྲིས་བར་གདན་དུ་བཏིང།རྣ་བས་ཆོས་ཉན།དེ་ནས་རུ་དྲྭ་འདི་མ་ཧཱ་ཀཱ་ལར་བྱས་ཏེ་སངས་རྒྱས་སྟོང་གི་བསྟན་པ་བསྲུངས་ནས།འོག་ཕྱོགས་ཀྱི་འཇིག་རྟེན་རྣམ་པར་རོལ་བའི་ཞིང་ཁམས་སུ་རྡོ་རྗེ་རྣམ་པར་རོལ་བའི་རྒྱལ་པོ་ཞེས་བྱ་བར་འཚང་རྒྱ་བའི་ལུང་བསྟན།
བྷྲཱུཾ་ཞེས་བརྗོད་པས་ཁོའི་ཐོད་མཁར་རྡོ་རྗེ་ཕུར་པའི་གཞལ་ཡང་ཁང་དུ་བྱིན་གྱིས་པ་ལ་བརྟེན་ནས་རྡོ་རྗེ་ཕུར་པའི་ལྷ་ཚོགས་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་དེ་ལྟར་བྱུང་བར་གསུངས།
༢༽དེས་གསུངས་པའི་ཕུར་པའི་ཆོས་སྐོར་ནི།
དེའི་སྐོར་དཔལ་བཟང་བསྟན་པའི་རྒྱལ་མཚན་གྱིས་མཛད་པའི་<<རྡོ་རྗེ་ཕུར་པའི་རྣམ་བཤད་བདུད་རྩི་སྙིང་ཐིག>>ལས།
“རྒྱུད་སྡེའི་ནང་ནས་ཀྱང་ཆེས་མཆོག་ཏུ་ཟབ་ཅིང་རྒྱ་ཆེ་བར་གྱུར་པ་ནི།རྡོ་རྗེ་ཕུར་པའི་རྒྱུད་རྣམས་ཡིན་ཏེ།གསང་རྒྱུད་ལས།
ཕུར་པ་རྒྱུད་ཀྱི་རྒྱལ་པོ་ཡིན།།ཕུར་པ་ལུང་གི་བླ་མ་ཡིན།།ཕུར་པ་མན་ངག་ངེས་པའི་དོན།།ཞེས་གསུངས་པའོ།།དེ་ལྟར་རྡོ་རྗེ་ཕུར་པ་འདི་ལ།རྩ་བའི་རྒྱུད་གསུམ།བཤད་པའི་རྒྱུད་ལྔ།
ཆ་མཐུན་གྱི་རྒྱུད་གསུམ།རྒྱུད་ཕྱི་མ་གཉིས།ཕྱི་མའི་ཕྱི་མ་གསང་བ་སྟེ་དྲུག།
བསྐྱེད་རིམ་གཙོ་བོར་བསྟན་པའི་རྒྱུད་ལྔ།རྫོགས་རིམ་གཙོ་བོར་བསྟན་པའི་རྒྱུད་ལྔ།
ལ་བཟླ་བའི་རྒྱུད་ལྔ།དྲག་པོ་རྨ་ཐབས་ཀྱི་རྒྱུད་གཉིས།འཕྲིན་ལས་གཙོ་བོར་སྟོན་པ་འབུམ་བསྐོར་ཏེ།རང་གཞུང་ཚུགས་པའི་རྒྱུད་སུམ་ཅུ་རྩ་བདུན་དང་།རྣམ་པར་རྒྱལ་བའི་རྟོག་པ་ལ་སོགས་པའི་ཁྲོ་བོ་བཅུ་ལ་རྒྱུད་བཅུ།དམ་ཅན་མ་བཞི་ལ་བཞི།གཏོར་རྒྱུད་དང་ཚོགས་རྒྱུད་གཉིས་ཏེ་རྒྱུད་ཆུང་བཅུ་དྲུག
སྡོམ་ཆེ་ཆུང་ལྔ་བཅུ་རྩ་གསུམ་བཞུགས་པ་ལས།འདིར་ཕུར་པའི་རྩ་བའི་དུམ་བུ་ལ་བརྟེན་པའི་སྒྲུབ་བསྐོར་ཡིན།”ཞེས་སོགས་གསུངས་སོ།།
ཕུར་པའི་རྩ་དུམ་འདི་ཉིད་ལ་བརྟེན་པའི་ཨོ་རྒྱན་གྱི་མཁས་པོ་ཉིད་ཀྱིས་མཛད་པའི་དཀྱིལ་ཆོག་རྡོ་རྗེ་ལས་རིམ་རྩ་འགྲེལ།ས་ཆེན་ཀུན་དགའ་སྙིང་པོས་མཛད་པའི་ཡང་ཕུར་ཐུན་མོང་གི་སྒྲུབ་ཐབས།རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་ཕུར་པའི་ཐོ་ཡིག།
བླ་མ་དམ་པས་མཛད་པའི་སྒྲུབ་ཐབས་རྒྱས་འབྲིང་བསྡུ་གསུམ་སོགས་དང་།
ས་ལོ་ཙཱ་བ་འཇམ་དབྱངས་ཀུན་དགའ་བསོད་ནམས་ལ་སོགས་ཀྱིས་མཛད་པ་ཕུར་པའི་ཆོས་སྐོར་དུ་མ་ཞིག་ཡོད་དོ།།
༣༽དེ་ཉིད་མི་ཡུལ་དུ་དར་ཚུལ་གྱི་སྐོར་ནི།
རྒྱ་གར་དུ་དར་ཚུལ་དང་།
བལ་ཡུལ་དུ་དར་ཚུལ།
བོད་དུ་དར་ཚུལ་བཤད་པའོ།།
དང་པོ་རྒྱ་གར་དུ་དར་ཚུལ་ནི།
གསང་སྔགས་ཀྱི་བརྒྱུད་དེ་ཉིད་མི་ཡུལ་དུ་དར་ཚུལ་ལ་མཁས་པ་རྣམས་ཀྱིས་བཤད་སྲོལ་སྣ་ཚོགས་འདུག་མོད།
ཁོ་བོ་ནི་མཁས་པ་ཕལ་མོ་ཆེས་བཞེད་པའི་རྗེས་སུ་འབྲང་ནས་ཅུང་ཟད་ཞུས་ན།
<<མདོ་སྡེ་གདམས་ངག་འབོགས་པའི་རྒྱལ་པོ་>>ལས།
“ང་ནི་མྱ་ངན་འདས་འོག་ཏུ།།ལོ་ནི་བརྒྱ་དང་བཅུ་གཉིས་ན།།
བསྟན་པའི་སྙིང་པོ་དམ་པ་ཞིག།རྒྱལ་པོ་ཛཱཿཡི་ཁང་ཐོག་ཏུ།།
ཐུགས་རྗེ་མཐུན་པའི་བྱིན་རླབས་ཀྱིས།།ལག་ན་རྡོ་རྗེས་སྟོན་པར་འགྱུར།།”
ཞེས་གསུངས་པའི་རྗེས་སུ་འབྲངས་ནས་སྟོན་པ་མྱ་ངན་ལས་འདས་རྗེས་ལོ་ཉི་ཤུ་རྩ་བརྒྱད་ལ་རྒྱལ་པོ་ཛཿ་ཡི་དུས་སུ་བྱུང་བ་ཆོས་འབྱུང་ཕལ་མོ་ཆེས་དེ་འཐད་ཕྱོགས་སུ་བཞེད་ཀྱི་ཡོད།
སྟོན་པའི་མཐུས་རྒྱལ་བ་རིགས་ལྔ་དང་རྒྱལ་སྲས་རྣམས་ལ་རྗེས་སུ་བསྐུལ་བར་མཛད་དེ།
དེ་ཡང་རྒྱལ་པོའི་རྨི་ལམ་དུ་ས་སྟེང་དང་ས་བླ་ཐམས་ཅད་ལ་འོད་ཀྱིས་ཁེངས་བ་དང་།
གསེར་གྱི་གླེགས་བམ་ལ་བཻཌཱུརྱའི་ཡི་གེ་བྲིས་པ་རང་བབས་སུ་བྱུང་བ་་རྨིས་པས་གཉིད་སད་པ་དང་བལྟས་པས་དེ་ལྟར་དངོས་སུ་བྱུང་བ་ཡང་མཐོང།
དེ་ནི་སངས་རྒྱས་ཐམས་ཅད་ཐུགས་རྗེ་གཅིག་ཏུ་མཐུན་པའི་བྱིན་རླབས་ཀྱིས་རྒྱལ་པོ་ཛ་ལ་ཕྱག་ན་རྡོ་རྗེས་གསུངས་ཅིང་རྒྱལ་པོ་དེ་མི་ཡུལ་དུས་དར་བ་མཛད་པ་དང་།ར
དེ་ལས་ཨོ་རྒྱན་གྱི་ཡུལ་ནས་སངས་རྒྱས་གཉིས་པ་ཨོ་རྒྱན་པདྨ་འབྱུང་གནས་དང་།ཡུལ་དབུས་ཀྱི་མཁས་པ་སློབ་དཔོན་བི་མ་མི་ཏྲ་དང།བལ་ཡུལ་གྱི་སློབ་དཔོན་ཆེན་པོ་ཤཱི་ལ་མཉྫུ་སྟེ་ཕུར་པ་ལ་མཁས་པའི་མི་གསུམ་སྟེ་ཨོ་རྒྱན་གྱི་ཡུལ་དང་རྒྱ་གར་ཡུལ་དབུས་སོགས་དར་ཞིང་རྒྱས་པ་མཛད་ཡོད་དོ།།
ཆོས་འབྱུང་གཞན་ལས།
གསང་སྔགས་འཇིག་རྟེན་དུ་བྱུང་ཚུལ་ནི་མཁྱེན་རབ་ཀྱི་བདག་པོ་འཕགས་པ་འཇམ་པའི་དབྱངས་ཀྱིས་སྟེང་ལྷ་རྣམས་ཀྱི་བསམ་པ་དང་མཐུན་པ་ཟབ་མོ་ལྟ་བའི་ཕྱོགས་རྣམས་ལྷ་ཡུལ་དུ་གསུངས་ཤིང་དར་ཞིང་རྒྱས་པ་མཛད་པ་དང་།
འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་འོག་ཀླུ་རྣམས་ཀྱི་བསམ་པ་དང་མཐུན་པར་སྒྲུབ་པ་ཟབ་མོའི་བསྐོར་རྣམས་ཀླུ་ཡུལ་དུ་གསུངས་ཤིང་དར་ཞིང་རྒྱས་པར་མཛད་པ་དང་།
འཕགས་པ་ཕྱག་ན་རྡོ་རྗེས་བར་གནོད་སྦྱིན་དང་མི་རྣམས་ཀྱི་བསམ་པ་དང་མཐུན་པར་དྲག་པོ་མངོན་སྤྱོད་ཀྱི་ལས་རྣམས་གནོད་སྦྱིན་དང་མི་ཡུལ་དུ་གསུངས་ནས་དར་ཞིང་རྒྱས་པ་མཛད་དོ།།
ཞེས་ཀྱང་འབྱུང་ངོ་གང་འཐད་མཁས་པ་རྣམས་ཀྱིས་དཔྱད་པར་འཚལ།
བལ་ཡུལ་དུ་དར་ཚུལ་ནི།
ཕུར་པའི་ཆོས་འདིའི་བདག་པོ་སངས་རྒྱས་གཉིས་པ་སློབ་དཔོན་རིན་པོ་ཆེ་ཡིན་པས།
སློབ་དཔོན་རིན་པོ་ཆེའི་དགོངས་པ་ལ།
སྐྱེ་འཆི་དང་འཇིགས་པའི་ཆོས་ཀྱི་སྐྱོན་ཐམས་ཅད་དང་བྲལ།མི་བརྗེད་པའི་གཟུང་སོགས་ཡོན་ཏན་རྣམས་ནི་ཐོབ།ཚེ་ཡི་རིག་འཛིན་ནི་རྙེད།
ཕྱག་རྒྱ་ཆེན་པོ་རིག་འཛིན་བསྒྲུབ་དགོས་དགོངས་ནས།བལ་ཡུལ་དུ་ཕེབས།
ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ་ཡང་དག་མར་མེ་དགུ་པའི་སྒྲུབ་པ་མཛད་པས།
ཡུལ་ཕྱོགས་དེའི་ཀླུ་གྱང་པོ་ཞེས་བྱ་བ་དང་།ལྷ་འདྲེ་དུ་མ་ཞིག་གིས་བར་ཆད་བརྩམས་ནས།
ལོ་གསུམ་གྱི་རིང་ལ་ཆར་ཆུ་དུས་སུ་མ་འབབ་པས།ས་ལ་རྩི་ཤིང་དང་ལོ་ཐོག་སོགས་ཡོངས་སུ་རྫོགས་པ་སྐམ།དེ་བཞིན་ཆུ་མིག་དང་ཆུ་ཕྲན་ཆུ་བོ་ཐམས་ཅད་ཀྱང་བསྐམས།འདི་ནི་ཁོ་བོས་ཆོས་བསྒྲུབ་པའི་བར་ཆད་ཡིན་པར་དགོངས་ནས།མཆོད་པ་སོགས་སྣ་ཚོགས་བཤམས་ནས་ལྷ་ལ་གསོལ་བ་བཏབ་པས།
ནམ་མཁའ་ནས་གཟུགས་མེད་ཀྱི་ཚུལ་དུ་སྒྲ་བྱུང་ནས་བར་ཆད་འདི་འདུལ་བའི་ཐབས་གཞན་མེད་ཀྱི།
རྒྱ་གར་ཤྲཱི་ན་ལེཎྜ་རུ་རྡོ་རྗེ་ཕུར་པ་སྤྱན་དྲངས་ཤིག།
ཅེས་སྒྲ་གྲགས་སོ།།
དེ་ནས་བལ་པོ་ནས་མི་གཉིས་ལ་གསེར་བྲེ་གང་བསྐུར་ནས་རྒྱ་གར་དུ་མངགས།དེ་གཉིས་ཀྱིས་ཀྱང་གསེར་རྣམས་པཎྜི་ཏ་ལྔ་བརྒྱ་ལ་ཕུལ།
བལ་ཡུལ་དུ་བྱུང་བའི་ལོ་རྒྱུས་ཁག་ཞིབ་པ་ཞུས་ཏེ།
དེའི་ཚེ་རྡོ་རྗེ་ཕུར་པའི་ཆོས་སྐོར་འབུམ་སྡེ་ཙམ་ཞིག་བཞུགས་པའི་ཁྲོད་ནས།མི་གཉིས་ཀྱིས་ལྕོགས་ཚད་ཀྱིས་པོ་ཏི་རྣམས་བསྐུར་ཞིང་པཎྜི་ཏ་རྣམས་ཀྱིས་བལ་ཡུལ་དུ་མངགས་སོ།།
དེ་གཉིས་ཡང་ལེ་ཤོད་དུ་སླེབས་པ་ཙམ་གྱིས་ཕུར་པའི་ཆོས་ཀྱིས་བྱིན་རླབས་ཀྱིས་བར་ཆད་ཐམས་ཅད་ཞི་ཞིང་ཆར་ཆུ་དུས་སུ་འབབ་ཞིང་ལོག་ཕྱུག་ལེགས་ཤིང་མི་རྣམས་བཀྲ་ཤིས་པའི་འཚོ་བར་རོལ་པ་གྱུར་ཏོ།།
དེའི་དུས་སུ་སློབ་དཔོན་རིན་པོ་ཆེས་རྒྱུད་སྡེ་རྣམས་ཀྱི་དགོངས་པ་འགྲེལ་བའི་བསྟན་བཅོས།
ལྟ་སྒོམ་ཕྲིན་ལས་དང་འབྲེལ་བའི་བསྟན་བཅོས་རྣམས་ཀྱང་མཛད་དོ།།
དེའི་སྐབས་སློབ་དཔོན་རིན་པོ་ཆེ་དང།བི་མ་ལ་མུ་ཏྲ་དང་།བལ་པོ་ཤཱི་ལ་མཉྫ་གསུམ་ལ་གྲུབ་པའི་རྟགས་སྣ་ཚོགས་ཀྱང་བྱུང་།
དེའི་སྐོར་ནི།
དཔལ་བཟང་བསྟན་པའི་རྒྱལ་མཚན་གྱིས་མཛད་པའི་<<ཕུར་པའི་རྣམ་བཤད་ལས།>>ལས།
ཨྱོན་གྱི་སློབ་དཔོན་པདྨ་འབྱུང་གནས་དང།ཡུལ་དབུས་ཀྱི་སློབ་དཔོན་བི་མ་མི་ཏྲ་དང་ཡུལ་བལ་པོའི་སློབ་དཔོན་ཤཱི་ལ་མཉྫ་སྟེ།མཁས་པ་མིགསུམ་གྱིས་གསན་ནས་བལ་ཡུལ་ཨ་སུ་རའི་བྲག་ཕུག་ཏུ་རྡོ་རྗེ་ཕུར་པའི་སྒྲུབ་པར་མཛད།དེའི་དུས་སུ་གྲུབ་རྟགས་རབ་འབྲིང་ཐ་གསུམ་དུ་བྱུང་སྟེ།རབ་ཕུར་པ་ནམ་མཁའ་ལ་ལྡིང་བ་དེ་པདྨ་འབྱུང་གནས་ཀྱི་ཕྱག་གིས་བླངས་དེ་རྒྱ་གར་ཙན་དན་གྱི་ནགས་ཚལ་རྒྱ་ཆེ་ཞིང་དཔངས་མཐུག་པ་དེ་ལ་བཏབ་པས།སྤུ་རྩེ་ལ་མི་གཏུགས་པ་ལྟར་དམར་ལམ་སྟེ་བསྲེགས།སླར་སྐད་ཅིག་དེ་ཉིད་ལ་ལོ་འབྲས་མེ་ཏོག་དང་བཅས་པ་སྔར་ལྟར་འཁྲུངས་སོ།།དེའི་དགོས་པ་ནི་ནགས་ཚལ་དེའི་གསེབ་ན་མུ་སྟེགས་པའི་གྲོང་ཁྱེར་མང་དུ་ཡོད་པ་དེ་བསྲེག་པའི་ཆེད་དུའོ།།
དེ་སྐད་དུ་ཡང།
རྒྱལ་བའི་བསྟན་བཙུག་པའི་ཕྱིར།།གཡབ་རི་ནགས་ལ་སྒྲུབ་པ་མཛད།།
བསྙེན་ཕུར་ནམ་མཁའི་དབྱིངས་སུ་འཕང།།རྡོ་རྗེ་ཕྱག་གཡས་བླངས་ཞིང་བསྒྲིལ།།
བསྒྲིལ་ཞིང་ཙན་དན་ནགས་སུ་འཕངས།།མེ་འབར་འཁྲུངས་ཅིང་མཚོ་ཡང་སྐེམ།།
གསེབ་ཀྱི་མུ་སྟེགས་ས་གང་བསྲེགས།།ཡཀྵ་ནག་པོ་རྡུལ་དུ་རློག།།ཞེས་གསུངས་པའོ།།
འབྲིང་ཕུར་པ་མཎྜལ་གྱི་སྟེང་ན་འགུལ་ཞིང་འཕར་བ་གཅིག་བྱུང་བ་དེ།བི་མ་མི་ཏྲས་བླངས་ནས་ཆུ་བོ་གངྒཱ་ཆུ་ཞེང་ཆེ་ལ་གཏིང་རིང་བ་དེ་ལ་བཏབ་པས།སྐད་ཅིག་དེ་ཉིད་ལ་གཏོག་གི་བསྐམས་ཏེ་གྲམ་པ་ལ་སྐྱ་ཤར་གྱིས་སོང་ནས།སྔར་ལྟར་རྒྱུགས་སོ།།དགོས་པ་ནི་ཆུ་དེ་ལ་གནས་པའི་ཀླུ་ནོར་རྒྱས་ཞེས་བྱ་བ་མུ་སྟེགས་པ་ལ་འཚོ་བ་སྟེར་བ་ཞིག་ཡོད་པ་དེ་བརླག་པའི་ཕྱིར་དུའོ།།
ཐ་མ་ཕུར་པ་འཛུམ་ཞིང་དགོད་པ་ཞིག་བྱུང་བས་ཤཱི་ལ་མཉྫུས་བླངས་ཏེ་མཎྜ་ལའི་མཁར་སྒང་བྲང་ཞེས་བྱ་བ་སྲ་ཞིང་བརྟན་པ་ཞིག་ཡོད་པ་དེ་ལ་བཏབ་པས།སྐད་ཅིག་དེ་ཉིད་ལ་བྲག་དེ་ཐལ་བའི་རྡུལ་ཕྲན་ལྟར་གཏོར་རོ།།དེའི་དགོས་པ་ནི་བྲག་དེ་ལ་མུ་སྟེགས་པ་ལ་མངོན་ཤེས་སྟོན་པའི་ཐེའུ་རང་གི་ཕོ་བྲང་ཡོད་པ་དེ་བརླག་པའི་ཆེད་དུའོ།།”ཞེེས་དེ་སོགས་གྲུབ་རྟགས་བསྟན་པར་གསུངས།
དེ་ནས་བལ་པོ་ཤཱི་ལ་མཉྫས་སྨད་འཚོང་མ་ཤིནྟི་ལ་བཤད།དེས་བལ་པོའི་རྒྱལ་པོ་གུ་ན་ཏ་ལ་བཤད།དེ་ནས་བལ་པོའི་ཡུལ་ལ་རྡོ་རྗེ་ཕུར་པའི་ཆོས་སྐོར་དར་ཞིང་རྒྱས་པ་བྱུང་བ་ཡིན་ནོ།།
བོད་དུ་དར་ཚུལ་བཤད་པ་ནི།།
དེ་ལྟར་སློབ་དཔོན་དེ་ཉིད་ཀྱིས་བོད་ཡུལ་དུ་ཕུར་པའི་ཆོས་སྐོར་སྤེལ་ཚུལ་ལ།འཕགས་པ་འཇམ་དཔའ་དབྱངས་ཀྱིས་སྤྲུལ་པ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་ཐུགས་ཀྱི་དགོངས་ཡངས་ལ་བརྟེན་ནས་བོད་ཡུལ་དུ་བསམ་ཡས་བཞེངས་པའི་ས་འདུལ་ལ་མཁན་ཆེན་ཞི་བ་འཚོ་གདན་དྲངས་ཅིང།བསམ་ཡས་བཞེངས་པའི་སྐབས་སུ་བོད་ཀྱི་ལྷ་འདྲེ་གདུག་པ་དུ་མ་ཞིག་གིས་དཀར་ཕྱོགས་སྐྱོང་བ་ལ་གནོད་སྐྱེལ་བ་རྐྱེན་ངན་གཅིག་རྗེས་གཉིས་མཐུད་སོགས་བྱུང་བ་བརྟེན།རེ་ཞིག་ནས་རྒྱལ་པོ་ཐུགསམུག་སྟེ།སློབ་དཔོན་གྱི་བྱིན་རླབས་ཆུང་ངམ།
བདག་སྒྲིབ་པ་ཆེའམ།བོད་འབངས་རྣམས་བསོད་ནམས་ཆུང་བ་ཡིན་ནམ་ཞེས་ཞུས་པས།མཁན་ཆེན་གྱི་ཞལ་ནས་བདག་གི་ཏིང་ངེ་འཛིན་ནུས་ཤུགས་ཆུང་བ་མིན་མོད།བདག་གི་བྱམས་པ་ཤས་ཆེས་བས་མི་མ་ཡིན་མ་ཐུལ་བ་ཡིན་ཞེས་གསུངས།
རྒྱ་གར་ཡུལ་ལ་ཤིན་ཏུ་གྲགས་ཆེ་བའི་ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་ཞེས་པ་ཕུར་པ་ལ་བརྟེན་ནས་གྲུབ་པ་ཐོབ་པ་ཞིག་ཡོད་པས་དེ་གདན་དྲངས་ན།ལྷ་སྲིན་གྱི་གནོད་པ་ཞི་བར་འགྱུར་ཞེས་བཀའ་བསྩལ་བས།
དེ་བཞིན་རྒྱལ་པོས་ཀྱང་མཛད་ནས་སློབ་དཔོན་པདྨ་འབྱུང་གནས་བོད་ཡུལ་དུ་གདན་དྲངས་བར་མཛད་དོ།།
སློབ་དཔོན་དེ་ཉིད་ཀྱིས་ཟབ་རྒྱས་གདམས་པ་རྒྱ་མཚོ་ལྟ་བུ་མངའ་བ་རྣམས་ལས།ཐུགས་དམ་གྱི་ཉིང་ཁུ་གདམས་པ་ཐམས་ཅད་ནང་ནས་ཏོག་ལྟ་བུ་ཕུར་པའི་དབང་ལུང་མན་ངག་བཅས་པ་བོད་ཡུལ་དུ་རྗེ་འབངས་རྣམས་ལ་བསྩལ་མཛད་པའོ།།
༤༽དེ་ཉིད་འཁོན་གྱིས་རྒྱུད་པས་དར་སྤེལ་གཏོང་ཚུལ་ནི།
དེ་ཡང་དཔལ་ལྡན་ས་སྐྱ་པ་ནི་གསང་སྔགས་གསར་མ་ཞིག་ཡིན་ཡང་།ཡིན་ན་ཡང་མཁོན་ལུགས་རྡོ་རྗེ་ཕུར་པ་ནི་དཔལ་ལྡན་ས་སྐྱ་པ་ལ་ཐུན་མོང་མ་ཡིན་པ་འབྲེལ་བ་ཡོད་པས།དེའི་སྐོར་ཡང་ལོ་རྒྱུས་འདི་ལྟར་གསལ་ཏེ།
དཔལ་བཟང་བསྟན་པའི་རྒྱལ་མཚན་གྱིས་མཛད་པའི་<<ཕུར་པའི་རྣམ་བཤད་ལས།>>ལས།
“ཐུགས་ཀྱི་སྲས་ཀྱི་མཆོག་ཏུ་གྱུར་པ་འཁོན་རིགས་ལོ་ཙཱ་བ་ཀླུའི་དབང་པོ་དང་།
དེའི་མཆེད་གཅུང་རྡོ་རྗེ་རིན་ཆེན་གཉིས་ལ་གདམས་ཏེ།ཟབ་རྒྱས་ཆོས་ཀྱི་བདག་པོ་མངའ་གསོལ།དེ་ནས་འཁོན་ཆེན་ཀླུ་དབང་གཉིས་ཀྱིས་ལྷ་ས་ཡེར་པའི་བྲག་ཕུག་ཏུ།
རྡོ་རྗེ་ཕུར་པའི་སྒྲུབ་པར་མཛད་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་བརྙེས་ནས་གྲུབ་རྟགས་རྡོ་རྗེ་དྲིལ་བུ་ནམ་མཁའ་ལ་བཞག་པ་མ་ཟད་ས་བརྒྱད་ནོན་པའི་བྱང་ཆུབ་སེམས་དཔར་གྱུར་པ་ཡིན་ཏེ།དེ་སྐད་དུ་ཡང།རྒྱལ་དབང་པདྨ་ཉིད་ཀྱིས།བཱི་ཀ་མ་ལ་ཤྲཱིའི་གཙུག་ལག་ཁང།།
སྤྲང་པོ་ཉི་མ་དངོས་གྲུབ་ཚེ་འཕོས་པ།།འཁོན་པོ་ཀླུ་ཡི་དབང་པོ་བྱ་བ་ཁྱོད།།ལོ་ནི་བརྒྱད་ཅུ་གྱ་གཉིས་ཐུབ་པར་འགྱུར།།ས་བརྒྱད་ནོན་པའི་བྱང་ཆུབ་སེམས་དཔའ་ཡིན།།ཞེས་གསུངས་པའོ།།”ཞེས་གསུངས་པ་ལྟར་འཁོན་ཀླུ་དབང་པོ་ནི་སློབ་དཔོན་པདྨ་འབྱུང་ཉིད་ཀྱི་ཞལ་ནས་ས་བརྒྱད་ཐོབ་པ་གསུངས་པས།དེ་ནི་རང་བཟོ་མིན་པ་ཀུན་གྱིས་ཡིད་ཆེས་གནས་སུ་མཛོད་ཅིག།
དེ་ནས་རིམ་བཞིན་དེའི་གཅུང་འཁོར་རྡོ་རྗེ་རིན་ཆེན་ཡང་ཕུར་པ་ལ་བརྟེན་ནས་གྲུབ་པ་དང་།
དེའི་སྲས་ཤེས་རབ་ཡོན་ཏན།དེ་ནས་རིམ་བཞིན་འཁོན་གྱི་བརྒྱུད་པ་རྣམས་ལ་བར་མ་ཆད་པ་བྱུང་ཞིང།
གཙུག་ཏོར་ཤེས་རབ་དང་།དགེ་སྐྱབས་དང་།དགེ་མཐོང་།བལ་པོ།ཤཱཀྱ་བློ་གྲོས།འཁོན་རོག་ཤེས་རབ་ཚུལ་ཁྲིམས།དམ་པ་ཁོང་ནི་གྲུབ་རྟགས་ངོ་མཚར་མངལ་བས་ལྷ་དང་སྲིན་མོ་ཐམས་ཅད་བྲན་དུ་ཁོལ་ནུས་པས།རྔ་ལ་ཞོན་ནས་ནམ་མཁའ་ལ་འཕུར་ཐུབ་པ་སོགས་རྫུ་འཕྲུལ་གྱི་མངའ་བདག་ཆེན་པོ་ཞིག་ཏུ་གྱུར་རོ།།
དེས་འཁོན་དཀོན་མཆོག་རྒྱལ་པོ་ལ་གདམས་།དེས་བླ་མ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ་གདམས།དེའི་སྲས་སློབ་དཔོན་བསོད་ནམས་རྩེ་མོ་དང་།གྲགས་པ་རྒྱལ་མཚན་ལ་གདམས།དེ་ནས་རིམ་བཞིན་ས་སྐྱ་པཎྜི་ཏ་དང་།འགྲོ་མགོན་ཆོས་རྒྱལ་འཕགས་པ་རིན་པོ་ཆེ་ནས་དེང་སང་གི་བར་དུ་བདག་ཅག་རྣམས་ཀྱི་རྩ་བའི་བླ་མ་དམ་པ་མི་འཕྲོག་པའི་མཁྱེན་རབ་ཀྱི་བདག་པོ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ངེས་པའི་དོན་དུ་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་ཉིད་དང་གཉིས་སུ་མེད་པ།དྲང་དོན་དུ་འཁོན་རིགས་ཀྱི་སྐུར་བཞེངས་པའི་༧སྐྱབས་མགོན་ས་སྐྱ་༧གོང་མ་ཁྲི་ཆེན་དང་༧སྐྱབས་མགོན་ས་སྐྱ་༧་གོང་མ་ཁྲི་འཛིན་རྣམ་གཉིས་དང་།སྡོམ་གསུམ་ངུར་སྨྲིག་གར་གྱི་རྣམ་པར་རོལ་བ་༧ཤར་ཆེན་ཀླུ་ལྡིང་པ་འཇམ་དབྱངས་བསྟན་པའི་ཉི་མ་དང་།
སྙིགས་དུས་ཀྱི་སེམས་དཔའ་ཆེན་པོ་གསང་ཆེན་རྒྱུད་གྲྭའི་མཁན་རྣམ་གཉིས་ཀྱི་བར་དུ་བྱུང་ཞིིང་།དེ་དག་རྣམས་ཀྱི་དྲུང་ནས་བདག་གིས་ཀྱང་དབང་ལུང་ཁྲིད་མན་ངག་བཅས་པ་རྣམས་ལེགས་པར་ཐོབ་པའི་སྐལ་བ་ལྡན་པའོ།།
༥༽ཕུར་པ་ལ་བརྟེན་ནས་གྲུབ་རྟགས་བྱུང་ཚུལ།
ཀུན་གྱིས་ཡིད་ཆེས་པའི་ཆེད་དུ་འདས་པའི་དུས་སུ་ཕུར་པ་བརྟེན་ནས་གྲུབ་པའི་རྟགས་བྱུང་ཚུལ་ཕུར་པའི་ཆོས་སྐོར་མང་པོ་འབྱུང་གི་འདུད་མོད།
འདི་ནས་དམིགས་བསལ་དུ་འཁོན་རིགས་རྣམས་ལ་
རྡོ་རྗེ་ཕུར་པ་ལ་བརྟེན་ནས་གྲུབ་རྟགས་ངོ་མཚར་བྱུང་བ་ཁག་གོང་དུ་ཅུང་ཟད་སྨོས་ཟིན་ཀྱང་འ།
འདི་ནས་སླར་ཡང་དེ་ལས་རྒྱས་ཙམ་ཞིག་ཞུས་ན།
འཇམ་མགོན་ཨ་མེས་ཞབས་ཀུན་དགའ་བསོད་ནམས་ཀྱིས་མཛད་པའི་<<དཔལ་རྡོ་རྗེ་གཞོན་ནུའི་གཏོར་བཟློག་དགྲ་བགེགས་ཀུན་འཇོམས་ཀྱི་གསལ་བྱེད་གནམ་ལྕགས་རྡོ་རྗེའི་དཔལ་གྱི་རྣམ་པར་བཤད་པ་བདུད་སྡེ་འཇོམས་པའི་ཡེ་ཤེས་ཀྱི་མེ་ཅེན་ཕྲིན་ལས་ཀྱི་འོད་ཟེར་ཀུན་ཏུ་འཕྲོ་བ>>ལས།
“གཞན་ཡང་འཁོན་སྟོན་ཆེན་པོ་ཀླུའི་དབང་པོ་སྲུང་བས་ལྷ་ས་ཡེར་པའི་བྲག་ཕུག་ཏུ་རྡོ་རྗེ་དྲིལ་བུ་བར་སྣང་ལ་བཞག་པ་ལ་སོགས་པའི་གྲུབ་རྟགས་ཇི་ལྟར་བསྟན་པ་དང་།
གཅུང་སྟོན་རྡོ་རྗེ་རིན་ཆེན་ཞེས་བྱ་བས་སྨད་ལས་དྲག་པོ་སྒྲོལ་བའི་དབང་བསྐུར་མཛད་པའི་དུས་དེའི་ཚེ་ལིངྒ་ལ་འཕར་གཡོ་སྒྲ་འོང་ལ་སོགས་པ་ངོ་མཚར་བའི་ལྟས་དུ་མ་བསྟན་པ་དང།
འཁོན་སྟོན་བལ་པོ་ཞེས་བྱ་བས་ཚ་མོ་རོང་གླང་གི་བྲག་ཕུག་ཏུ་རྡོ་རྗེ་གཞོན་ནུའི་སྒྲུབ་པ་མཛད་པས་ཞལ་མངོན་སུམ་དུ་གཟིགས་ཤིང་སྒྲུབ་ཆུ་སྟོན་པ་ལ་སོགས་གྲུབ་པ་བརྙེས་པའི་རྟགས་ཇི་ལྟར་བསྟན་པ་དང་།སྔགས་འཆང་རྒྱ་གར་ཤེས་རབ་རྒྱལ་མཚན་དཔལ་བཟང་པོས་ཁམས་ཀྱི་གྲུམ་པ་ཞེས་བྱ་བའི་ཡུལ་མཐོན་པོ་ཞིག་ཏུ་སེམས་ཅན་ཐམས་ཅད་ཆུ་མེད་པས་སྡུག་བསྔལ་བར་གྱུར་པ་ལ།བྲག་ལ་ཕར་བ་བཏབ་པས་སྒྲུབ་ཆུ་དངོས་སུ་སྟོན་ཏེ་སེམས་ཅན་རྣམས་ལ་ཕན་པ་རྒྱ་ཆེན་མཛད་པ་ལ་སོགས་པ་གྲུབ་པ་བརྙེས་པའི་རྟགས་ཇི་ལྟར་བསྟན་པ་དང་།ས་ལོ་ཙཱ་བ་འཇམ་པའི་དབྱངས་ཀུན་དཀའ་བསོད་ནམས་ཀྱིས་གྲུབ་ཐོབ་འབམ་རོམ་པ་ཆེན་པོའི་སྒྲུབ་གནས་འབམ་རོམ་བྲག་ཅེས་བྱ་བའི་གནས་མཆོག་ཁྱད་པར་ཅན་དུ་རྡོ་རྗེ་གཞོན་ནུའི་སྒྲུབ་པ་མཛད་པས་དགུན་གྱི་དུས་སུའང་འཇམ་དབྱངས་མེ་ཏོང་ཤིན་ཏུ་མང་བར་སྐྱེས་ཤིང།བྲག་དེ་ཉིད་ལ་ཕྱག་ཞབས་རྗེས་ཀུན་གྱིས་མཐོང་བར་བསྟན་པ་སོགས་གྲུབ་པ་བརྙེས་པའི་རྟགས་ཇི་ལྟར་བསྟན་པ་དང་།སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་གི་དབང་པོ་ཀུན་དགའ་རིན་ཆེན་བཀྲ་ཤིང་གྲགས་པ་རྒྱལ་མཚན་དཔལ་བཟང་པོས་སྔོན་གྱི་གནས་རྗེས་སུ་དགོངས་པ་དང་།བླ་མ་དང་ལྷག་པའི་ལྷའི་ཞལ་མངོན་སུམ་དུ་གྱུར་ཏེ་གདམས་པ་དང་རྗེས་སུས་གདམངས་པ་ནོད་པའི་དུས་ལ་བབ་པར་དགོངས་ནས་ལྷོ་རོང་གི་ས་ཆའི་སྤ་གྲོ་སྟག་ཚང་སེངྒེ་བསམ་འགྲུབ་ཀྱི་གནས་མཆོག་ཏུ་ཕྱག་ཕེབས་པར་བརྩམས་ཏེ་ལྷོ་རོང་ཕྱོགས་སུ་ཆིབས་ཁ་བསྒྱུར་བའི་ཚེ།
སྤ་གྲོའི་གཞི་བདག་ལྷ་ཆེན་བྲག་བསྐྱེད་དང་།ཧས་ཀྱི་ཁྱུང་འདུས་སོགས་ལྷོ་ཁ་བཞིའི་གཞི་བདག་རྣམས་སྔགས་འཆང་ཉིད་ཀྱི་ཞབས་དྲུང་དུ་བྱུང་ནས།ལྷོ་རོང་གི་ས་ཡུལ་ཐམས་ཅད་ཞབས་ཀྱི་འཆག་དགོས་ཤིང།ལ་ཆུ་འཕྲང་སོགས་ཀྱི་འཕྲིན་ནལས་ཐམས་ཅད་ངེད་གཞི་བདག་རྣམས་ཀྱིས་སྒྲུབ་པ་ཡིན་ནོ་ཞེས་ཁས་བླངས་སོང་བས།སྔགས་འཆང་ཉིད་ཀྱིས་ཀྱང་དུས་དེར་གཏོར་མ་རྒྱ་ཆེན་པོ་གནང་ཞིང།ལྷག་པར་བསང་དཔེ་ཅེན་པོར།སྤ་གྲོའི་ལྷ་ཆེན་བྲག་བསྐྱེད་དང།།ཧས་ཀྱི་ཁྱུང་འདུས་ལ་སོགས་པའི།།ལྷོརོང་ལུང་པའི་གཞི་བདག་བསང།ཞེས་པ་འདི་ཡང་དེའི་དུས་སུ་འཇུག་པར་མཛད་པ་ཡིན་ཞེས་ཐོས་ལ།
དེ་ནས་བདག་ཉིད་ཆེན་པོས་སྤ་གྲོའི་སྒྲུབ་གནས་དམ་པར་ཕེབས་པར་དགོངས་ནས་ནགས་ཀྱི་འཕྲང་དོག་པར་བརྟེན་ཆིབས་པས་བགྲོད་མ་བདེ་བ་ལ་དགོངས་ཏེ།ལོང་ར་དབོན་པོ་སོགས་ལྷོ་པ་གཞོན་པ་མང་པོས་རྒྱབ་ཏུ་སྔགས་འཆང་ཉིད་ཀྱི་སྐུ་གདན་དྲངས་ཏེ་སྟག་ཚང་གི་འཕྲང་ཟིན་པར་ཕེབས་པའི་ཚེ་དེའི་ལམ་བར་ཞིག་ཏུ་སྐྱེ་མཐིང་ཤྭ་ན་མ་སོགས་གཞི་བདག་འགའ་ཞིག་གི་ཆོ་འཕྲུལ་ཀྱིས་སེམས་ཅན་མ་རུང་པ་ཞིག་གིས་ལམ་བགསག་བྱུང་བ་ལ།སྔགསའཆང་ཉིད་ཀྱིས་ངེད་རང་གི་རང་གནས་སུ་འགྲོ་བ་ལ་ཁྱད་ཅི་ཡོད།ཕར་སོང་གསུངས་པ་ལ་སོགས་ཀྱི་བཀའ་བསྒོ་མཛད་པས་སེམས་ཅན་གྱི་གཟུགས་དེ་དངོས་མེད་དུ་ཡལ་སོང་བ་དེར་ཡོད་ཀུན་གྱིས་མཐོང་ཞིང།དེ་ནས་སྤ་གྲོའི་ལམ་འཕྲང་ལ་ཕེབས་པས་གནས་དེ་ན་བྲག་རི་ངམས་ཆེ་བ།རི་གཞན་ལས་ཐོག་སོ་དགུ་ཙམ་གྱིས་མཏོ་བ་ཞིག་ཡོད་པ་དེའི་མགོར་སྔོན་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཤེས་ཤེལ་ཕྲེང་བརྒྱ་རྩ་གཏོར་བའི་ཆུ་མིག་བརྒྱ་རྩ་ཡོད་པའི་ཆུ་དེ་ཐམས་ཅད་བྲག་ཆེན་པོ་དེའི་མདུན་ངོས་ལ་དར་དཀར་གྱི་ཡོལ་བ་བཀྲམ་པ་ལྟར་ངོ་མཚར་ཆེ་བར་འབབ་པ་ཞིག་ཡོད་པའི་བྲག་ལ་ཆུ་འཐབ་དེའི་དཀྱིལ་དུ་གློ་བུར་ཉིད་དུ་འཇའ་ཚོན་སྣ་ལྔའི་འོད་སྒོར་གསུམ་བསྒྲིགས་ཤིག་བྱུང་ནས།དེའི་དབུས་ནས་འཇའ་ཁ་དོག་སྔོན་པོ་ཞིག་རྒྱང་གིས་བྱུང་བ་སྔགས་འཆང་ཉིད་ཀྱི་སྐུ་ལ་ཟུག་ཅིང།ཞབས་དྲུང་ན་གནས་པའིི་སྐུ་འཁོར་ཀུན་ལ་ཡང་འཇའ་དེའི་འོད་ཀྱིས་ཁྱབ་པ་ལ་བརྟེན་ནས་མིའི་མདོག་དང་གོས་གཟན་སོགས་ཐམས་ཅད་སྔོན་པོ་འབབ་ཞིག་གྱུར་བ་དེར་ཡོད་ཀྱི་སྐྱེ་བོ་ཀུན་གྱིས་མཐོང་བ་བྱུང་ཞིང།དེའི་ཚེ་འཕྲང་དེའི་གཡས་གཡོན་གྱི་ལྗོན་ཤིང་གི་ཚོགས་ལ་བརྟེན་པའི་སྤྲ་དང་སྤྲེའུ་ལག་ན་ཤིག་གི་ཡལ་ག་ཐོགས་པ་མང་པོས་མི་ལ་མི་འཛེམས་པར་གྲལ་བསྒྲིགས་ཏེ་ལངས་ནས་སྔགས་འཆང་ཉིད་ལ་བསུ་བའི་ཚུལ་དུ་འདུག་པ་ནི་དེ་དུས་ཞབས་དྲུང་དུ་འདུག་པ་ཀུན་གྱིས་མཐོང་བར་གྲགས་ལ།དེའི་ཚེ་སྔགས་འཆང་ཆོས་ཀྱི་རྒྱལ་པོས་སྔར་གྱི་བྲག་ལ་ཆུ་འཐབ་ནས་བྱུང་པའི་འཇའ་འོད་རྣམས་ཇེ་གསལ་གསལ་དུ་སོང་བྱུང་བ་ལ་གཟིགས་པས།དེའི་དབུས་སུ་འོད་དཀར་པོ་ཞིག་གི་ཁྲོད་ན་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ལ་བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ་དང་།དེའི་སྟེང་ཕྱོགས་ན་སློབ་དཔོན་པདྨ་འབྱུང་གཙོ་འཁོར་གསུམ་དང་།གྲུབ་ཐོབ་རིག་འཛིན་མང་པོ་ཁྲོམ་ཚོགས་སུ་བཞུགས་པའི་མཐའ་སྐོར་དུ་དཔའ་བོ་མཁའ་འགྲོ་མང་པོས་བསྐོར་བ་དང་།མཁའ་འགྲོ་སྡེ་ལྔ་གར་སྟབས་ཤིག་ཤིག་འདུག་པ་ནི་སིན་ཏུ་གསལ་བར་གཟིགས་ནས།དེའི་ཚེ་སྔགས་འཆང་ཉིད་ཀྱིས་སྟག་ཚང་གི་ཕུད་པའི་གཡས་འཁྲིས་ན་ནེའུ་གསིང་མཐིལ་པ་ཞིག་ཡོད་པ་དེར་བཞུགས་ནས།ལམ་ཟབ་མོ་བླ་མའི་རྣལ་འབྱོར་ཐུགས་ཉམས་སུ་བཞེས་པས།སྔར་གྱི་གཟིགས་སྣང་ལ་ཤར་བའི་བླ་མ་ཡི་དམ་རྣམས་ཀྱི་སྐུ་ལས་འོད་ཟེརར་ཁ་དོག་ལྔ་ལྡན་ཉི་མ་བྱེ་བའི་གཟི་འོད་ཙམ་དང་།བླ་མ་ཡི་དམ་དཔའ་བཔ་མཁའ་འགྲོ་རྡུལ་འཁྲིགས་པ་ལྟར་བྱུང་ནས་སྔགས་འཆང་ཉིད་སྐུ་ལ་ཐིམ་པར་གྱུར་ཏེ།སྐད་ཅིག་དེ་ཉིད་ལ་ཐུགས་ལ་ཐ་མལ་གྱི་རྣམ་རྟོག་གི་ཆ་ཤས་ཅུང་ཟད་ཡོད་པ་ཐམས་ཅད་ཁྲིད་འགགས་ནས།སྣང་སྲིག་ཐམས་ཅད་ལྷག་པའི་ལྷ་དཀྱིལ་འཁོར་གྱི་འཁོར་ལོར་ཁྲ་ལམ་གྱི་ཤར་ནས་དེ་ལ་ཐུགས་ཟིན་ཏེ་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ངང་དུ་ལྷན་གྱིས་གནས་བྱུང་བས།དེ་མ་ཐག་དཔའ་བོ་མཁའ་འགྲོ་རིགས་འཛིན་གྲུབ་ཐོབ་ཀྱི་ལྷ་ཚོགས་ཐམས་ཅད་འོད་སྡོན་པོ་ཞིག་ཏུ་གྱུར་ནས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་ཐིམ་ཞིང།སློབ་དཔོན་ཡང་འོད་དུ་ཞུ་ལ་ཁད་འདུག་པ་གཟིགས་པས།སྔགས་འཆང་ཆོས་ཀྱི་རྒྱལ་པོ་ཉིད་ཀྱི་ཐུགས་དགོངས་ལ་ད་ཚེ་ཚད་ཀྱང་ཉེ་བར་རྫོགས་འགྲོ་བ་དུག་པས་འཇའ་འོད་དེའི་སྟེང་ན་ཕར་ཕྱིན་ཏེ་སློབ་དཔོན་གྱི་ཕྱི་ལ་འབྲངས་ན་དགའ་བ་འདུག་སྙམ་ཐུགས་ལ་ཤར་བའི་ཚེ།ཡང་དེ་མ་ཐག་དཔལ་ལྡན་ས་སྐྱའི་སྡེ་ཆེན་པོ་གཙུག་ལག་ཁང་དང་བཅས་པ་ཐུགས་ཡུལ་དུ་ཁྲ་ལམ་སྟེ་ཤར་ཞིང།གདུང་བརྒྱུད་འཇམ་པའི་དབྱངས་སྐུ་མཆེད་ཀྱང་སྐུ་ན་གཞོན་པར་དགོངས་ནས།སྐུ་ཚེའི་འདུ་བྱེད་བྱིན་གྱིས་བརླབ་པའི་དགོངས་པ་གཏད་དེ།
དེ་འཕྲལ་གུ་རུ་དྲག་པོའི་ཉམས་བཞེས་ཤར་མ་ཞིག་གནང་བས།སློབ་དཔོན་ཆེན་པོ་ཅེའི་སྐུ་དེ་སྔར་ལས་གལས་བར་གྱུར་པའི་མོད་ལ་གདམས་པ་ཟབ་མོ་དང།ལུང་བསྟན་རབ་ཏུ་མང་པོ་གནང་ཞིང།ལྷག་པར་ད་དུང་ལོ་དུ་མའི་བར་དུ་བསྟན་འགྲོའི་དོན་དཔག་ཏུ་མེད་པ་འགྲུབ་པར་འདུག་ཅིང།དེ་ནས་དག་པའི་ཞིང་བདེ་བ་ཅན་ཟང་མདོག་དཔལ་གྱི་རིར་པདྨ་ངའི་དྲུང་དུ་བྱོན་གསུངས་པ་སྙམ་བྱེད་པའི་ཚེ།སློབ་དཔོན་ཉིད་ཀྱང་འོད་སྔོན་པོ་ཞིག་ཏུ་ཞུ་སྔགས་འཆང་ཉིད་ཀྱི་སྐུ་ལ་ཐིམ་པའི་ཐུགས་ཉམས་ཤིན་ཏ་གསལ་བར་བྱུང་པའི་མོད་ལ།རྟོག་པ་དང་མི་རྟོག་པ་ཐམས་ཅད་ལས་འདས་ཏེ་བདེ་གསལ་མི་རྟོག་པའི་ཡེ་ཤེས་རྒྱལ་བ་རྣམས་ཀྱི་རྒྱུད་ལ་ཇི་ལྟར་མངའ་བ་བཞིན་སྔགས་འཆང་ཉིད་ཀྱི་ཐུགས་ལ་འཁྲུངས་པར་གྱུར་ནས།རེ་ཞིག་དེའི་ངང་ལ་འབྱམས་ཏེ།དེ་ལས་སད་པ་ན་ཉི་མ་ཡང་ཕྱི་མོར་སོང་འདུག་པས་མྱུར་དུ་བཞེངས་ནས།དེའི་ཉེ་འཁོར་ན་འབབ་ཆུ་ཞིག་ཡོད་པར་ཕེབས་ཏེ་དཔོན་སློབ་ཐམས་ཅད་ཀྱིས་སྐུ་ཁྲུས་མཛད་པས་དེའི་བྲག་ཞིག་ལ་སྔགས་འཆང་ཉིད་ཀྱི་ཕྱག་ཞབས་ཀྱི་རྗེས་བྱུང་བ་ད་ལྟ་ཡང་དད་པ་ཅན་རྣམས་ཀྱི་བསོད་ནམས་ཀྱི་ཞིང་དུ་བཞུགས་པ་ཀུན་ལ་གྲགས་པ་སོགས་མདོར་ན་ཡུལ་དུས་གནས་སྐབས་ཀུན་་ཏུ་གྲུབ་པའི་རྟགས་མཚན་བསམ་གྱིས་མི་ཁྱབ་པ་སྟོན་པར་མཛད་པའི་སྔགས་འཆང་བསྟན་པའི་གསལ་བྱེད་ཆེན་པོ་འདི་ནིད་ཀྱི་ངོ་མཚར་བའི་མཛད་པའི་ཚུལ་རྣམས་ཞིབ་ཏུ་རྟོགས་པར་འདོད་ན་ཁོ་བོས་བྱས་པའི་རྣམ་ཐར་ངོ་མཚར་རྒྱ་མཚོ་ལས་རྟོགས་པར་བྱ་ཞིང།འདིར་བཀོད་པའི་སྤ་གྲོའི་སྟག་ཚང་སེངྒེ་བསམ་གྲུབ་ཏུ་གྲུབ་པ་བརྙེས་པའི་རྟགས་མཚན་བསྟན་པའི་འདི་རྣམས་ནི།སྔགས་འཆང་བླ་མ་དེ་ཉིད་ལྷོ་རོང་ནས་གདན་ས་ཆེན་པོར་ཕེབས་པའི་སྐབས་དེར།བདག་གི་བླ་འཇམ་པའི་དབྱངས་སྐུ་མཆེད་དང།གཞན་ཡང་མཁན་ཆེན་སྐུ་མཆེད།བྱས་འགྱུར་བ་སྒྲུབ་ཆེན་དགེ་སློང་ཀུན་དགའ་བ་རྣམས་ལ།སྔགས་འཆང་ཉིད་ཀྱིས་སྔུ་དངོས་ཀྱི་གསུང་ལས།ལྷོ་རོང་གི་སྤ་གྲོ་སྟག་ཚང་འདི་སློབ་དཔོན་གྱིས་བྱིན་གྱིས་རླབས་པའི་གནས་ཡིན་ངེས་སུ་འདུག་པས་ངོ་མཚར་ཡ་མཚན་ཅན་འདི་ལྟར་བྱུང།།ཞེས་བཀའ་ཕེབས་གནས་བའི་གསུང་རྒྱུན་མ་ཉམས་པ་འཇམ་དབྱངས་སྐུ་མཆེད་སོགས་ལས་ཐོས་པ་དང་།ལྷག་པར་རྒྱལ་ཡུལ་སྐུ་མཆེད་ལ་སྔགས་འཆང་ཉིད་ཀྱིས་ལྷོ་རོང་གི་གནས་ཚུལ་རྣམས་ཐུགས་དམ་བཀའ་ཤོག་ཏུ་འཁྱོན་པ་གནང་འདུག་པའི་གསུངས་ཤོག་དེ་ནང་བཞིན་བྲིས་པ་ཡིན་པས་སྐལ་བཟང་དང་ལྡན་ཀུན་གྱིས་སོམ་ཉི་རང་བྲལ་བར་གྱིས་ཤིག།།”
ཅེས་འབྱུང་བ་རྣམས་ཇི་བཞིན་བཀོད་པའོ།།
དེ་ལྟ་བུ་གྲུབ་པའི་རྟགས་བྱུང་བ་བླ་མ་གཞན་ཡང་རྣམ་ཐར་ཁག་ལས་མཇལ་ཡང་ཡིག་ཚོགས་ལ་འཇིགས་ཏེ་འདི་བྲིས་མེད།
2021.11.10ཉིན་དཔལ་ས་སྐྱའི་གསང་ཆེན་རྒྱུད་གྲྭ་ནས་སྤེལ་ལོ།།
དགེ་ལེགས་འཕེལ།།
Leave a Reply