༧ སྐྱབས་རྗེ་དཔེ་ཝར་སྤྲུལ་སྐུའི་མགུལ་གའུ་ནང་གི་གུ་རུའི་སྐུ་ཚབ།

དཔེ་ཝར་སྤྲུལ་སྐུའི་མགུལ་གའུ་ནང་གི་གུ་རུའི་སྐུ་ཚབ།

༄༅། །དབང་གི་གུ་རུའི་སྐུ་ཚབ་ཚེ་དབང་རིག་འཛིན་གྱི་བྱུང་ཚུལ་མདོ་ཙམ་བརྗོད་པ་གནད་ཀྱི་མེ་ལོང་ཞེས་བྱ་བ།

ན་མོ་གུ་རུ་པདྨ་ཀ་རཱ་ཡེ།

གུ་རུ་པད་འབྱུང་མཁྱེན་བརྩེའི་དབང་།།དབྱེར་མེད་གཅིག་བསྡུས་གུས་བཏུད་ནས།།དབང་གི་གུ་རུའི་སྐུ་ཚབ་ཀྱི།།བྱུང་ཚུལ་མདོར་བསྡུས་སྨྲ་ལ་སྤྲོ།།དེའང་དབང་གི་གུ་རུའི་སྐུ་ཚབ་ཚེ་དབང་རིག་འཛིན་ནི། དཔེ་ཝར་སྤྲུལ་སྐུ་རིན་པོ་ཆེ་འཆི་མེད་རྡོ་རྗེ་མཆོག་གིས་མགུལ་དུ་གསོལ་བའི་དངུལ་གྱི་གའུ་ནང་བཞུགས་པའི་སྐུ་འདིར་ཡིན་ལ།

 ༈ འདི་ནི་རིས་མེད་ཀུན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བོན་གཏེར་ཚེ་དབང་གྲགས་པ་ལ་བཀའ་གནང་ནས་གཏེར་དུ་བླངས་པའི་གུ་རུའི་སྐུ་ཚབ་ཚེ་དབང་རིག་འཛིན་ཞུ་བ་དེ་ཡིན་ཞིང་། རྗེ་དེ་ཉིད་གུ་རུ་པདྨ་འབྱུང་གནས་ཀྱིས་བཀའ་བབས་བདུན་གྱི་བདག་པོ་གྱུར་པའི་ལུང་བསྟན་ཡོད་ལ། བཀའ་བབས་བདུན་ནི། བི་མའི་བླ་སྒྲུབ་བྱིན་རླབས་སྙིང་པོ་ལས། རྒྱ་ཆེན་བཀའ་དང་ཟབ་མོའི་གཏེར། །ས་གཏེར་དངོས་དང་ཡང་གཏེར་དང་། །ཤིན་ཏུ་དགོངས་ཟབ་ཡང་པའི་གཏེར། །དག་སྣང་སྙན་བརྒྱུད་རྗེས་དྲན་ཏེ། །བཀའ་བབས་བདུན་གྱིས་དབུགས་འབྱིན་བྱེད། །ཅེས་གསུངས་པ་ལྟར་ཡིན་ལ། གུ་རུའི་སྐུ་ཚབ་འདི་ནི་བཀའ་བབས་བདུན་གྱི་ནང་ཚན་ས་གཏེར་གྱི་གྲས་སུ་བཞུགས་ཤིང་། ས་གཏེར་ནི། དིལ་མཁྱེན་གྱིས། གཏེར་བརྒྱུད་ལ་དངོས་གཏེར་རི་བྲག་གཙུག་ལག་ཁང་མཚོ་ལས་བཏོན་པའི་ས་གཏེར་དང་། ཞེས་འབྱུང་བ་ལྟར།གཞི་བདག་དང་གནས་རི་ལས་བླངས་པ་དང་། ཕ་བོང་དང་བྲག་ལས་བླངས་པ། སྒྲུབ་ཕུག་དང་གཙུག་ལག་ཁང་ལས་བླངས་པ། ཆུ་མིག་དང་མཚོ་ལས་བཏོན་པ་དག་ནི་ས་གཏེར་ཞེས་བྱ་ལ། ཡང་། ས་གཏེར་ལ་སྐུ་དངོས་ཀྱི་བགོ་སྐལ་རང་གཏེར་དང་། སྔོན་བྱོན་གཏེར་སྟོན་གྱིས་ཡང་གཏེར་དུ་རྒྱས་བཏབ་པ་སླར་སྣང་བ་མཛད་པ་གཉིས། ཞེས་འབྱུང་བ་ལྟར། རང་གི་གཏེར་སྐལ་རང་གིས་ལེན་པའི་ཚུལ་ཞིག་དང་། གཏེར་སྟོན་གཞན་གྱིས་གཏེར་དུ་བླངས་ཏེ་སླར་གཏེར་དུ་སྦས་པ་རང་གིས་ཚུར་ལེན་པ་དང་རིགས་གཉིས་ཡོད་པ་གསུངས་ལ། རྫོང་སར་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ནི་གཏེར་སྟོན་ཀུན་གྱི་རྒྱལ་པོ་དང་།  གཏེར་ཆོས་ཀྱང་ཀུན་ལས་ཁྱད་པར་འཕགས་ཤིང་། གུ་རུའི་སྐུ་ཚབ་མཇལ་བའི་ཕན་ཡོན་དང་བྱིན་རླབས་ཆེ་བའི་ཚུལ་ལ། གཏེར་སྟོན་དྲི་མེད་པདྨ་གླིང་པས། འཇམ་དབྱངས་མཁྱེན་བརྩེའི་གཏེར་ཆོས་ལྟ་བུ་གཏེར་སྟོན་སུས་ཀྱང་གཏེར་ཆོས་ལ་མི་འབྱུང་ཞེས་གསུངས་པ་དང་། ཡང་རྗེ་བླ་མ་གཏེར་སྟོན་གྱི་རྒྱལ་པོ་ཡིན་པའི་ཆེ་རྟགས་སུ་གུ་རུ་རིན་པོ་ཆེའི་མཆོག་གི་སྐུ་ཚབ་དངོས་གྲུབ་དཔལ་འབར་དང་། ཞི་རྒྱས་དབང་དྲག་གི་སྐུ་ཚབ་བཞི་ཕྱག་ཏུ་བཞུགས་པ། མཆོག་གི་སྐུ་ཚབ་ཐུགས་སྒྲུབ་ཡིད་ནོར་བུ་དང་ལྷན་ཅིག་མཆོག་གླིང་གིས་སྤྱན་དྲངས་པ། རྒྱལ་ཚབ་སྐྱེས་བུའི་འགྲོ་དོན་རྟེན་དུ་བཞག༔ ཞེས་གསུངས་པ་ལྟར་འཇམ་མགོན་མཆོག་སྤྲུལ་རིན་པོ་ཆེ་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོའི་ཕྱག་ཏུ་བཞུགས་པ་འདི་གཏེར་ཆེན་མཆོག་གླིང་གི་ཞལ་ནས་ཀུན་གཟིགས་བླ་མ་རིན་པོ་ཆེའི་མདུན་ནས་སྐུ་ཚབ་ཀྱི་བྱིན་རླབས་ཐོབ་པ་ཐམས་ཅད་གུ་རུ་དངོས་མཇལ་བ་དང་ཁྱད་མེད་པས་མཚམས་མེད་ལྔ་བྱས་པའང་ངན་འགྲོར་མི་ལྟུང་ཞེས་གཏེར་བྱོན་སྐུ་ཚབ་ཀྱི་ལོ་རྒྱུས་སུ་གསུངས་ཤིང་།  གྲུབ་དབང་ཤཱཀྱ་ཤྲཱི་ཡང་སྐུ་ཚབ་ཀྱིས་རིག་པའི་རྩལ་དབང་གནང་བས་དགོངས་པ་ཚད་ལ་ཕེབས་པའི་ལོ་རྒྱུས་དང་། ཞེས་གསུངས་སོ།།

ཞི་རྒྱས་དབང་དྲག་གི་སྐུ་ཚབ་བཞི་བཞུགས་པའི་ནང་ཚན་དབང་གི་གུ་རུའི་སྐུ་ཚབ་ཚེ་དབང་རིག་འཛིན་གཏེར་དུ་ཇི་ལྟར་བཞེས་པའི་ཚུལ་ནི།

བོན་གཏེར་ཚེ་དབང་གྲགས་པ་ལ་ཀུན་གྲོལ་གསང་བ་རྩལ་ཞུ་ཞིང་། མཁྱེན་བརྩེའི་དབང་པོའི་སྐུ་མདུན་དུ་སྔོན་མ་ཐེངས་གཅིག་མཇལ་བཅར་ཞུས་སྐབས་གཏེར་གྱི་རྟེན་འབྲེལ་མ་བྱུང་བ་དང་། རྗེས་མ་དབྱར་ཀ་ཞིག་ལ་མཇལ་བཅར་ཞུས་སྐབས་གཏེར་ལྷུང་ཕྱོགས་སུ་སོང་ལ་ཕ་ཝཾ་གསེར་གདུགས་ཅན་ན་སངས་རྒྱས་རབས་བདུན་གྱི་རིང་བསྲེལ་ཡོད་པ་དེ་དང་། པདྨ་ཤེལ་རི་ལ་གཏེར་ཁ་ཞིག་ཡོད་པ་དེ་དག་རྗེས་མར་ལེན་ས་བྱོན་མི་ཐུབ་པས་ད་ཐེངས་ལོན་ན་གལ་ཆེ་ཚུལ་གྱི་བཀའ་ཕེབས་གནང་བ་བཞིན་བྱོན་ནས་གཏེར་བཞེས་པ་ཡིན་འདུག་སྟེ། འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས་མཛད་པའི་མཁྱེན་བརྩེའི་དབང་པོའི་རྣམ་ཐར་ལས། དབྱར་ཐོག་ཅིག་ལ་གཏེར་སྟོན་ཀུན་གྲོལ་གསང་བ་རྩལ་ཕྱག་མཇལ་དུ་བཅར་བ་ན། ད་རེས་གཏེར་ལྷུང་ཕྱོགས་སུ་སོང་། ཕ་ཝཾ་གསེར་གདུགས་ཅན་ན་སངས་རྒྱས་རབས་བདུན་གྱི་རིང་བསྲེལ་ཡོད་པ་དང་། པདྨ་ཤེལ་རིར་གཏེར་ཁ་ཞིག་ཡོད་པ་སོགས་རྗེ་ཉིད་སྔར་ཕེབས་སྐབས་གྲ་འགྲིགས་པོ་མ་བྱུང་བ་དང་། ད་ཕན་དངོས་ཀྱིས་ཕེབས་པ་མི་འོང་བར་འདུག་པས་དེ་རིགས་ལོན་རྒྱུ་བྱུང་ན་གལ་ཆེ་བ་ཡོད་ཚུལ་བཀས་གནང་བ་ལྟར། གཏེར་སྟོན་ཀྱང་བྱོན་ནས་ཚོགས་སྐོང་གསེར་སྐྱེམས་གསོལ་འདེབས་མཛད་ཀྱང་རིང་བསྲེལ་གཞན་མ་བྱུང་། ཟླ་གམ་དབང་ཕུག་ཏུ་ཞག་གསུམ་སྒྲུབ་པ་ཚོགས་སྐོང་གྲུབ་པའི་སྔ་དྲོ་གནས་ཀྱི་དབུ་རྩེར་ལྷ་སྲིན་དམ་བསྒྲགས་མཛད་པས། འཇའ་སྤྲིན་འཁྲིགས་པའི་ནང་དུ་པདྨ་ཤེལ་རི་ནས་བྱ་རྒོད་ཅིག་འཕུར་ཏེ་འོག་གི་བྲག་རྩེར་བབས་ནས་གཏེར་སྒྲོམ་ཞིག་བཞག་སོང་བ་སིནྡྷུ་རའི་འཇིམ་རློན་པས་བཏུམས་པ་ཞིག་ཡོད་འདུག་པ་དེ་ཀ་ལྟར་ཁུར་ནས་རྗེ་བླ་མར་ཕུལ་བས་ནང་གི་སྒྲོམ་ཞལ་ཕྱེས་པ་ལས། ཚེ་དབང་རིག་པ་འཛིན་པའི་སྐུ་ཚབ་ལི་སྨུག་ལས་གྲུབ་པ། རྩ་གསུམ་སྤྱི་འདུས་ཀྱི་ཆོས་སྐོར། གནས་ཆེན་མང་པོའི་མདོ་བྱང་གི་ཤོག་སེར་རྣམས་བཞུགས་པར་སྣང་བ་ལས་སྤྱི་འདུས་ཀྱི་ལས་བྱང་དབང་ཙམ་ཞིག་འབེབས་པར་མཛད། ཅེས་གསུངས། དིལ་མགོ་མཁྱེན་བརྩེ་རིན་པོ་ཆེས་མཛད་པའི་བཀའ་བབས་བདུན་གྱི་གསང་མཛོད་ཐུན་མོང་གདུལ་བྱའི་སྣང་ངོར་ཇི་ཙམ་བཞུགས་པའི་དཀར་ཆག་ངོ་མཚར་ནོར་བུའི་ཕྲེང་བ་ལས། དབང་གི་སྐུ་ཚབ་པདྨ་ཤེལ་རིར་ཀུན་གྲོལ་གསང་བ་རྩལ་ལ་བཀའ་གནང་སྟེ་བཞེས་པ་སྡེ་དགེ་ལྷུན་འགྲུབ་སྟེང་གི་གསེར་གདུང་མཐའ་མའི་གཏོར་བཤིག་སྐབས་ལས་ཅན་དཔེ་ཝར་མཆོག་སྤྲུལ་ལ་དད་རྟེན་དུ་ཐོབ་པ་དང་། ཞེས་འབྱུང་ཞིང་།

གསེར་གདུང་ནི་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བཞེངས་པའི་ཚུལ་རྣམ་ཐར་ཆེན་མོ་ལས། ཐུགས་རྟེན་ལྷུན་གྲུབ་སྟེང་མཆོད་སྡོང་མཐོང་གྲོལ་ཆེན་པོ་ཐོག་ཚད་ཤིན་ཏུ་མཐོ་བ་གསེར་དངུལ་ཕྲ་རྒྱན་གྱི་བཀོད་པ་སོགས་སྤུས་ནོམ་ལྡན་པ་དངུལ་རྡེལ་ཚད་བརྒྱ་དང་བརྒྱད་ཙམ་གྱི་བབས་ཀྱིས་བསྐྲུན་པར་མཛད་པས་གཙོས་གསེར་ཟངས་འབའ་ཞིག་ལས་གྲུབ་པའི་མཆོད་སྡོང་ཆེ་ཆུང་བརྒྱ་ཕྲག་ལྷག་པ་བསྒྲུབས་པ་མཛད་པ་སྟེ། ཞེས་འབྱུང་བ་ལྟར། རྗེ་ཉིད་ཞལ་བཞུགས་དུས་བཞེངས་ཤིང་། ད་དུང་དེའི་ནང་བཞུགས་རྒྱུ་གཅིག་ཆ་ཚང་མེད་གསུངས་པས་སྒོ་རྒྱག་རྒྱུ་མ་བྱུང་ནས་ལུས། དེ་ནས་རྗེ་ཉིད་ཡུན་རིང་མ་བཞུགས་པ་དགོངས་པ་རྫོགས་ཏེ་གདུང་ཚ་བཞུགས་སུ་གསོལ་བས་རྗེ་ཉིད་ཀྱི་གདུང་རྟེན་དུ་གྱུར་པ་བཤད་སྲོལ་འདུག།དོན་ལ་དེ་ལྟར་གསུང་ཡོད་མེད་མ་ངེས་ཀྱང་། རྗེ་ཉིད་ཀྱི་གདུང་རྟེན་དུ་གྱུར་པ་དགོངས་རྫོགས་སྒྲུབ་ཚུལ་སྐབས་ཀྱི་རྣམ་ཐར་ལས་འདི་ལྟར་འབྱུང་སྟེ། དེ་ནས་ཞལ་ཕྱེས་ཏེ་ཆོ་ག་བཞིན་གདུང་རུས་རྣམས་བསྡུས་ནས་འཐོར་ཟེགས་མེད་པར་སྦྱངས་བཏུལ་ཞུས་ཏེ་དྲི་མེད་རྣམ་གཉིས་ཀྱི་སཱཙྪ་ཚད་ལྡན་བཏབ་སྟེ་གདན་སའི་གདུང་རྟེན་དང་། ལྷུན་འགྲུབ་སྟེང་གི་མཆོད་སྡོང་ཆེན་མོ་བཅས་ལ་བཞུགས་སུ་གསོལ་བར་བགྱིས་སོ།།ཞེས་འབྱུང་བ་ལྟར་ལ། མཆོད་སྡོང་གི་མཚན་ཡང་། དཔེ་ཝར་སྤྲུལ་སྐུ་རིན་པོ་ཆེའི་རྟེན་འཇོག་དཀར་ཆག་ཏུ། དེའང་ཡོན་ཏན་གྱི་རྟེན་དུ། གསེར་གདུང་འཛམ་གླིང་རྒྱན་གཅིག་གི་གནོད་སྦྱིན་བང་མཛོད་ནས་བྱུང་བའི་གཎྜི་བྱིན་ལྡན་གཅིག །ཅེས་གསེར་གདུང་འཛམ་གླིང་རྒྱན་གཅིག་ཅེས་འབྱུང་ཞིང་། དེའི་ནང་དུ་གུ་རུའི་སྐུ་ཚབ་ཚེ་དབང་རིག་འཛིན་དུས་འགྱུར་སྔོན་ལ་བཞུགས་ཀྱང་དུས་འགྱུར་སྐབས་རིན་པོ་ཆེ་ལ་ཇི་ལྟར་ཐོབ་པའི་ཚུལ་ནི། དེའང་བཀའ་ལས། དུས་འགྱུར་སྐབས་སུ་དགོན་ཆེན་དགོན་པའི་འདུ་ཁང་ནང་དུ་རྟེན་གསུམ་ལ་གཏོར་བཤིག་བློ་ཡུལ་ལས་འགོངས་བ་ཐེབས་པའི་དུས་སུ། འདུ་ཁང་གི་ལྡེའུ་མིག་ལྐོག་ཏུ་གཅིག་ལོན་ཏེ། ཤོག་བུ་ཞིག་གི་ཐོག་ཏུ་དཔེ་བཅད་དེ་བྲིས།ཧོར་པོ་མགར་རྒན་དེའུ་ལེབ་བློ་གྲོས་སར་དཔེ་ཁུར་ནས་མགར་རོགས་ཞེས་རེ་བ་བྱས། ཉིན་ཤས་མཚམས་སུ་ཤོག་ཅེས་ཆ་འབྱོར་བ་བཞིན་སོང་བས་ལྡེའུ་མིག་མགར་འདུག །དཔེ་ཚད་ལྡན་ཡིན་ན་རེད་ཡོད་ངེས་ཀྱང་ཅུང་ཟད་མ་འགྲིག་པ་བྱུང་འདུག་ན་སོག་རྡར་འདིས་བརྡར་རྒྱུ་གྱིས་ཟེར་ནས་སོག་རྡར་ཆུང་ངུ་ཞིག་བསྐུར་ལ། རྫ་ཕོར་ཡག་པོ་འདུག་ན་ཁུར་ཤོག་ཟེར། ཡ་ཡ་ཞེས་ལབ།ཚོང་ཁང་ཞིག་ཏུ་སོང་གློག་མེ་ཞིག་དང་གློག་རྫས་གསུམ་དགོས་ཞེས་ལབ། ཚོང་པ་དེས་གློག་རྫས་དེ་འདྲ་མང་པོ་ཞིག་ཉོ་ཅི་བྱེད་རྒྱུ་ཡིན་ཟེར། དོགས་པ་སྐྱེས་ཏེ་གློག་མེ་དང་གློག་རྫས་ཆ་གཅིག་ལས་ཉོ་མ་ནུས། དེ་ནས་ནུབ་གཅིག་ཆུ་ཚོད་བཅུ་གཉིས་ཙམ་དུ་ཚོད་ལྟ་བྱེད་སར་སོང་ནས་ཨེ་ཕྱེད་བལྟས་པ་ན། ཁྲབ་ཁོབ་ཅེས་ཕྱེད་སོང་། ནང་དུ་སོང་བར་བྱ་བསད་རྗེས་འདྲ་བར་བྱས་ཏེ་རྟེན་གསུམ་རྣམས་གཏོར་བཤིག་བཏང་ནས་གཟུངས་གཞུག་དག་འབོག་འདུག་རྒྱུ་རེད་འདུག །རྡོ་རྗེ་ཤུགས་ཀྱི་སྙིང་པོའི་སྔགས། ཨོཾ་བཛྲ་བེ་གཱ་ཀྲ་མ་ཧཱུྃ། ཞེས་འདོན་བཞིན་རྟེན་རྣམས་ནམ་མཁར་ཡར་བསྟིམས་པའི་དམིགས་པ་འདྲ་བྱས་ཏེ་བལྟས་པ་ན། དེ་དག་གི་གསེབ་ན་ཟངས་ཀྱི་གའུ་ཁ་ལེབ་མེད་པ་ཞིག་གི་ནང་དུ་སྐུ་འདིར་བཞུགས་ཤིང་། ཁ་ལེབ་བཙལ་བ་ན་མཐར་རྙེད་དེ་ངོས་སུ་ཚག་བརྒྱབས་པའི་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གཏེར་ལྷུང་ནས་གཏེར་ནས་བླངས་པའི་གུ་རུའི་སྐུ་ཚབ་བཞུགས་ཞེས་པའི་ཁ་བྱང་ཅན་ཞིག་རྙེད་གསུང་སྣང་འདུག །ཁོང་ནི་དགའ་སྤྲོ་ཚད་མེད་པ་ཞིག་སྐྱེས་ནས་གསུང་སྐད་ཆུང་ཆུང་བྱས་ཏེ་བྲོ་ཞིག་བརྡུང་བ་ཡིན་ཞེས་གསུངས། ཕྱིས་སུ་རྟེན་གསུམ་ཉར་ཚགས་བྱུང་བ་དག་དགོན་ཆེན་དགོན་དུ་ཡར་ཕུལ་རྗེས་བླ་མ་སྒ་བླ་ལ་འདིའི་ཕུག་མཁྱེན་བརྩེ་ཚང་གི་རེད་འདུག་པས་ཡར་ཕུལ་བ་མིན་ཞུས་པ་ཡིན་ཞེས་གསུངས། མཁྱེན་བརྩེའི་ཡང་སྲིད་རིན་པོ་ཆེ་ལ་ཡར་བཞེས་རོགས་ཞུས་ནས་ཕུལ་ཡང་ཁྱེད་ཀྱིས་ཐོགས་ནས་བསྲུང་བ་མཛོད་ཅེས་གསུངས་ནས་བཞེས་མ་སོང་གསུངས། དེས་ན་རིན་པོ་ཆེ་བསྟན་འགྲོའི་དོན་དུ་བྱོན་ཚེ་མགུལ་དུ་བཞེས་ཤིང་། བཀའ་ཆོས་གསུངས་ནས་ཁྲི་ཐོག་བཞུགས་ཚེ་འབྲུ་སྤར་སྟེང་དུ་བཞུགས་སུ་གསོལ། གཟིམ་ཁྲི་སྟེང་དུ་གཟིམ་དུས་དབུ་སྔས་ཀླད་ཀྱི་ཅོག་སྟེང་དུ་འཇོག་གནང་ནས་ཆེས་བྱིན་ཆེན་དང་རྩ་ཆེན་བརྩི། ང་དང་ང་ལྟ་བུའི་མི་ཕལ་པས་ཐུག་རེག་གཏན་ནས་མི་ཆོག །ཡིན་ཡང་ལོས་ཡིན་མགོ་ཁྲིད་ཅིག་གི་བུ་མོ་སྨྱོ་ནས་མགོ་ཐོག་འཇོག་ཙམ་གྱིས་སྨྱོ་ལས་དྲག་ཅིང་། མོས་དེའི་ནང་འགུལ་འདུག་མཁན་ཞིག་འདུག །དེ་སུ་ཅི་ཞིག་རེད་ཅེས་ཟེར་བ་ཐོས། དེ་ལྟ་བུའི་བྱིན་རླབས་དང་ནུས་མཐུ་ཅན་གྱི་སྐུ་རྩ་ཆེན་ཞིག་ཡོད་པས་རིན་པོ་ཆེས་ཀྱང་རྩ་ཆེན་དུ་བརྩི་བ་ཡིན་འདུག་ལ། མཐར་རིན་པོ་ཆེ་དགོངས་པ་གཞན་དོན་དུ་གཏད་ནས་ཞིང་ཁམས་བྱོན་ལ་ཉེ་བའི་སྐབས་སུ་མཁྱེན་བརྩེའི་ཡང་སྲིད་རིན་པོ་ཆེ་ལ་ཕ་ནོར་བུ་ལ་སྟེར་བ་བཞིན་ཕྱག་ཏུ་ཡར་ཕུལ་བ་མཛད་པ་ཡིན་ནོ།།

ཞེས་དབང་གི་སྐུ་ཚབ་གུ་རུ་ཚེ་དབང་རིག་འཛིན་གྱི་ལོ་རྒྱུས་ངོ་སྤྲོད་མདོར་བསྡུས་པ་ཙམ་འདིའང་ཤེས་འདོད་དོན་གཉེར་ཆེན་པོ་བྱས་ཏེ་ཡར་མར་སྐད་ཆ་འདྲི་བ་དང་། དཔེ་ཀློག་བྱས་པ། སྔར་རིན་པོ་ཆེའི་སྐུ་མདུན་དུ་ཐོས་པ་དག་ཕྱོགས་གཅིག་ཏུ་དྲིལ་ནས་དཔལ་རབ་བརྟན་དགོན་དུ་སློབ་འབངས་ཡོངས་ཀྱི་ཐ་ཤལ་བ་བསོད་ནམས་དོན་འགྲུབ་ཀྱིས་བོད་རབ་བྱུང་བཅུ་བདུན་པའི་ཆུ་མོ་ཡོས་ཀྱི་ལོའི་ཧོར་ཟླ་དྲུག་པའི་ཡར་ཚེས་བཅུ་གུ་རུ་པདྨ་འབྱུང་གནས་སྐུ་འཁྲུངས་པའི་ཉིན་ཏེ། དེའང་རིག་འཛིན་འཇིགས་མེད་གླིང་པས། ཧོར་ཟླ་དྲུག་པའི་ཚེས་བཅུའི་ཉི་ཤར་ལ། །དྷ་ན་ཀོ་ཤར་པདྨའི་སྦུབས་ལས་བྱོན།། ཞེས་གསུངས་པའི་ཉིན་ལ་མཇུག་རྫོགས་པ་བྲིས་པར་སྐུ་ཡི་བྱིན་རླབས་རྒྱུད་ལ་འཇུག་པའི་རྒྱུར་གྱུར་ཅིག །

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*