༧ སྐྱབས་མགོན་༧ གོང་མ་༧ ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་སྐུ་འཁོར་ལྷན་རྒྱས་བལ་ཡུལ་ཆིབས་བསྒྱུར་གནང་འདུག  

ཕྱི་ཟླ་ ༩ ཚེས་ ༢༣ ཉིན། ༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་བལ་ཡུལ་དུ་ཆིབས་བསྒྱུར་ཞབས་སོར་འཁོད་རྒྱུ།

༢༽ ཚེས་ ༢༥ དང༌། ༢༦ ཏེ་ཉིན་གཉིས་རིང་ཐར་ལམ་དགོན་པར་མཛད་ཕྲིན་སྐྱོང་གནང་རྒྱུ།

ཀ ཕྱི་ཚེས་ ༢༥ ཉིན། ཐར་ལམ་དགོན་པར་ཞབས་སོར་འཁོད་དེ་སྔ་དྲོ་ཇོ་བོ་རྗེའི་ལུགས་ཀྱི་སྒྲོལ་མ་ལྗང་གུའི་རྗེས་གནང་དང་འཇམ་དབྱངས་དམར་སེར་གྱི་རྗེས་གནང་སྩོལ་གནང་མཛད་རྒྱུ། །

ཁ ཕྱི་ཚེས་ ༢༦ ཉིན། ཉིན་རྒྱབ། གུ་རུ་ཚིག་བདུན་ཟབ་སྒྲུབ་ཀྱི་བཀའ་དབང་སྩོལ་གནང་མཛད་རྒྱུ།

༣༽ ཕྱི་ཚེས་ ༢༨ ནས་ ༣༠ བར་ཉིན་གསུམ་གྱི་རིང་རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་དུ་མཛད་རིམ་སྐྱོངས་གནང་རྒྱུ།།

ཀ ཕྱི་ཚེས་ ༢༨ ཉིན། ཉིན་རྒྱབ་ཆུ་ཚོད་གཉིས་པ་ནས་མགོན་ཁང་ནང་སྲུང་མའི་བསྐང་འཕྲིན་དབུ་བཞུགས་གསོལ་འདེབས་ཞུ་རྒྱུ།

ཁ ཕྱི་ཚེས་ ༢༩ ཉིན། ལམ་འབྲས་ལྷ་ཁང་ནང་རྣལ་འབྱོར་དབང་ཕྱུག་ཆེན་པོ་གྲུབ་ཆེན་བིར་ཝ་པའི་སྐུ་བརྙན་བཞུགས་གསོལ་ཞུས་པ་དང་སྦྲགས་རབ་གནས་སྐྱབས་འཇུག་གནང་སྐྱོང་གསོལ་འདེབ་ཞུ་རྒྱུ། ཆོ་གའི་འཇོག་མཚམས་དང་བསྟུན་སྦྱིན་བདག་མངའ་གསོལ་མཛད་སྒོ་སྐྱོངས་རྒྱུ། །

ག ཕྱི་ཚེས་ ༣༠ ཉིན། སྦྱིན་བདག་ C.S. Lama ལགས་ཀྱིས་ཁོ་རང་གི་ཆེད་གསོན་དགེ་བསྒྲུབ་རྒྱུའི་སྐབས་རྒྱལ་ཕྱི་ནང་གཉིས་ནས་ནང་མི་གཉེན་ཚན་མི་ཉུང་བ་ཞིག་མགྲོན་དུ་བོས་པའི་སྡེ་ཚོགས་ལ། ༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེའཆང་ཆེན་པོ་མཆོག་གིས་སྐྱབས་འགྲོ་དང་སེམས་བསྐྱེད་ཆེན་མོའི་སྡོམ་པ་དང་། སྒྲོལ་མ། གུ་རུ།སྤྱན་རས་གཟིགས་བཅས་ཀྱི་གཟུངས་སྔགས་ལྗགས་ལུང་སྩོལ་གནང་མཛད་རྒྱུ། །

༤༽ ཕྱི་ཚེས་ ༣ དང་ ༣ གཉིས་སོ་སོར་སྐུ་ཞབས་བཀྲ་ཤིས་དབང་རྒྱལ་ཁྱིམ་ཚང་ནས་དབུ་ངལ་སྤྲོ་སངས་ཆེད་སྤྲོ་བདེ་ཁང་ཞིག་ཏུ་གདན་ཞུ་འབུལ་རྒྱུ། །

༥༽ ཕྱི་ཚེས་ ༤ ཉིན། ཉིན་རྒྱབ་ཧུམ་ལ་སྐྱིད་སྡུག་ཚོགས་ཁང་ནང་གདན་ཞུ་ཕུལ་ཏེ། རྡོ་རྗེ་ཕུར་པའི་བཀའ་བསྒོ་དང༌།བྱང་ཆུབ་སེམས་སྡོམ་བཀྲིན་ཆེ་རྒྱུ། །

༦༽ ཕྱི་ཚེས་ ༥ ཉིན། འཕགས་ཤིང་གློ་བོ་སྐྱིད་སྡུག་དགོན་པར་གདན་ཞུས་དང་སྦྲགས་དེ་གའི་མང་ཚོགས་ལ་རིགས་གསུམ་རྗེས་གནང་སྩོལ་གནང་མཛད་རྒྱུ། །

༧༽ ཕྱི་ཚེས་ ༧ རེས་གཟའ་སྤེན་པའི་ཉིན། བལ་ཡུལ་ས་སྐྱ་ནང་པའི་ཚོགས་པས་གོ་སྒྲིགས་ཐོག་ཐར་ལམ་དགོན་པར་དད་ལྡན་མང་ཚོགས་ལ་འཆི་མེད་འཕགས་མ་སྙིང་ཐིག་གི་སྒོ་ནས་ཚེ་དབང་བཀྲིན་ཆེ་རྒྱུ། །

༨༽ ཕྱི་ཚེས་ ༨ ནས་ ༡༢ བར་ཉིན་གྲངས་ལྔའི་རིང་བྱམས་ཆེན་ལྷ་ཁང་གི་ལམ་འབྲས་སྒོམ་གྲྭའམ་སྒྲུབ་ཁང་གསར་པ་སྙན་བརྒྱུད་བསམ་གཏན་གླིང་རྟེན་དང་བརྟེན་པའི་དབུ་འབྱེད་མཛད་སྒོ་དང་འབྲེལ་བའི་མཛད་རིམ་སྐྱོང་གནང་མཛད་རྒྱུ། །

ཀ ཕྱི་ཚེས་ ༨ ཉིན། ༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་སྟོན་འཁོར་ལམ་འབྲས་སྒོམ་གྲྭའམ་སྒྲུབ་ཁང་སྙན་བརྒྱུད་བསམ་གཏན་གླིང་དུ་ཞབས་སོར་འཁོད་པ་དང་མཉམ། དར་ཚོན་གཅོད་བྲེགས་དང་འབྲེལ་བསྟན་པ་རྒྱས་ཆོག་གནས་བརྟན་ཕྱག་མཆོད་གསུངས་ཏེ་སྒྲུབ་ཁང་དབུ་འབྱེད་མཛད་སྒོ་སྟབས་བདེ་བཀྲིན་སྐྱོང་རྒྱུ། །

ཁ ཕྱི་ཚེས་ ༩ ཉིན། ༧སྐྱབས་མགོན་མཆོག་སྔ་དྲོ་ནཱ་རོ་མཁའ་སྤྱོད་མའི་སིན་དྷུ་རའི་དཀྱིལ་ཆོག་གི་ཚོགས་མགོན་དུ་ཞབས་སོར་འཁོད་གནང་རྒྱུ། དེ་ཉིན་ཉིན་རྒྱབ། དེ་སྔ་འཁོར་ལོ་བདེ་མཆོག་གི་དབང་ཆེན་ཐོབ་ཟིན་པའི་སློབ་མ་རྣམས་ལ་མཁའ་སྤྱོད་མའི་བྱིན་རླབས་སྩོལ་གནང་མཛད་རྒྱུ། །

ག ཕྱི་ཚེས་ ༡༠ ཉིན། ཞོགས་པ་སྒྲུབ་ཁང་བསམ་གཏན་སྙན་བརྒྱུད་གླིང་རྟེན་དང་བརྟེན་པ་བཅས་པར་རབ་གནས་སྐྱབས་འཇུག་གནང་རྒྱུ། དེ་མཚམས་སྐུ་གདུང་མཆོད་རྟེན་དུ་གནས་གཟིགས་གདན་ཞུ་འབུལ་རྒྱུ། །

ང༌། ཕྱི་ཚེས་ ༡༡ དང༌། ༡༢ ཏེ་ཉིན་གཉིས་རིང་ཞལ་འདོན་དང་བཅས་སྒྲུབ་ཁང་དུ་སྐུ་ལྷོད་དལ་ངང་བཞུགས་གསོལ་འདེབས་རྒྱུ། །

༩༽ ཕྱི་ཚེས་ ༡༣ ཉིན། གཉེ་ཤང་ལྷ་སྡེ་མི་སྡེའི་འདུ་ཚོགས་ལ། ༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་ནས་སྐྱབས་འགྲོ་དང་སེམས་བསྐྱེད་ཆེན་མོའི་སྡོམ་པ་སྩོལ་གནང་མཛད་རྒྱུ། །

༡༠༽ ཕྱི་ཚེས་ ༡༤ ཉིན། རཱ་ནཱ་རིན་པོ་ཆེའི་ཐྩོམ་ཀུ་སུ་མ་ཆོས་ཚོགས་ནས་གོ་སྒྲིགས་ཐོག་བོད་ཐང་ངམ་དད་ལྡན་ཆོས་ཞུ་འདུས་འཛོམས་ཆེན་པོ་བྱེད་ཡུལ་ཐང་ཆེན་ཞིག་ཏུ་གྲུབ་ཆེན་མེ་ཏྲི་ཛོ་གིའི་ལུགས་ཀྱི་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་དབང་ཆེན་སྩོལ་གནང་མཛད་རྒྱུ། །

༡༡༽ ཕྱི་ཚེས་ ༡༥ ནས་ ༡༧ བར་ཡང་ལེ་ཤོད་ཁྲ་རིགས་དགོན་པར་ཆིབས་བསྒྱུར་དང་འབྲེལ་གཤམ་གསལ་མཛད་རིམ་ཁག་གི་དབུ་བཞུགས་སྐྱོང་གནང་མཛད་རྒྱུ། །

ཀ ཕྱི་ཚེས་ ༡༥ ཉིན། བསུ་བ་སེར་སྦྲེང་དང་སྦྲགས་བྱོན་བསུ་འབུལ་བའི་སྒོ་ནས་ཐད་ཀར་བཤད་གྲྭའི་ལྷ་ཁང་གསར་པའི་རྒྱལ་སྒོའི་དར་ཚོན་གཅོད་བྲེགས་གནང་ཏེ་གཙུག་ལག་ཁང་ནང་བཞུགས་གསོལ་ཞུས་བསྟུན་གནས་ཆོག་གསུང་བསྐུལ་ཆོ་གའི་མཚམས་ལ་སྦྱར་ཏེ་མཎྜལ་རྟེན་མཚོན་འདེགས་འབུལ་ཞུ་རྒྱུ། ཆོ་གའི་མཇུག་ཏུ་དེང་དུས་ལུགས་སྲོལ་སྟབས་བསྟུན་སྒོ་དབྱེའི་མཛད་སྒོ་རྒྱས་བསྡུས་འཚམས་པ་ཞིག་ཞུ་རྒྱུ། །

ཁ ཕྱི་ཚེས་ ༡༦ ཉིན། སྔ་དྲོ་འཇམ་དབྱངས་གང་བློ་མའི་བསྟོད་སྒྲུབ་ཀྱི་རྗེས་གནང་སྩོལ་གནང་མཛད་རྒྱུ་དང༌། དེ་རྗེས་བཤད་གྲྭ་གསར་པའི་རྟེན་དང་བརྟེན་པ་བཅས་པར་རབ་གནས་བཀའ་དྲིན་ཆེ་རྒྱུ། །

ག ཕྱི་ཚེས་ ༡༧ ཉིན། སྔ་དྲོ་ལོ་བསྟར་འཚོགས་བཞིན་པའི་གུ་དྲག་སྒྲུབ་མཆོད་ཀྱི་ཚོགས་མགོན་དུ་བཞུགས་གསོལ་ཞུ་རྒྱུ།

དེ་ཉིན་ཕྱི་དྲོ་རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་དུ་ཕྱིར་ཕེབས་སྐྱོང་རྒྱུ། །

༡༢༽ ཕྱི་ཚེས་ ༡༩ ཉིན་འདི་ལོའི་མཛད་རིམ་ཁག་རེ་ཞིག་ལེགས་གྲུབ་ཀྱིས་རྒྱ་གར་དུ་ཕྱིར་ཕེབས་སྐྱོང་གནང་མཛད་རྒྱུ། །

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*