༧ སྐྱབས་མགོན་གོང་མ་ཁྲི་ཆེན་མཆོག་དང་སྐུ་འཁོར་ལྷན་རྒྱས་སྟག་མོ་ལུས་སྦྱིན་དུ་ཆིབས་བསྒྱུར་གནང་བ། 

སྤྱི་ལོ་༢༠༢༣ ཟླ་༡༠ ཚེས་༡༣ རེས་གཟའ་པ་སངས་ཉིན། དུས་གསུམ་རྒྱལ་བ་ཀུན་གྱི་མཁྱེན་རབ་ཀྱི་རང་གཟུགས་རྗེ་བཙུན་འཇམ་པའི་དབྱངས་དང་ངོ་བོ་དབྱེར་མ་མཆིས་པ་འཇམ་དབྱངས་ལྷ་རིགས་འཁོན་གདུང་དཔལ་ས་སྐྱའི་༧སྐྱབས་མགོན་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གནས་ཆེན་སྟག་མོ་ལུས་སྦྱིན་དུ་ཆིབས་བསྒྱུར་བཀའ་དྲིན་ཆེ་བསྐྱངས་མཛད་དེ།

ཐོག་མར་ན་མོ་བུདྡྷ་མཆོད་རྟེན་རིན་པོ་ཆེའི་དྲུང་སྤོས་སྣེའི་མདུན་བསུ་ནས་མཆོད་རྟེན་རིན་པོ་ཆེར་ཞབས་བསྐོར་དང་སྐུ་དཀར་དང་ན་བཟའ་གསོལ། སྟོང་མཆོད་དང་སྒྲོན་མེའི་དབུ་འབྱེད་སྒོ་ནས་གསོལ་འདེབས་སྨོན་ལམ་གྱི་མཆོད་སྤྲིན་ཕུལ་ཏེ། མཆོག་སྤྲུལ་དམ་ཆོས་རིན་པོ་ཆེ་དབུས་པའི་མཁན་པོ་རྣམས་ནས་སྤོས་སྣེས་སྤྱན་འདྲེན་དང་། སྟོང་གསུམ་གང་བའི་རྔ་རྒྱ་གླིང་རོལ་མོ་གདུགས་རྒྱལ་མཚན་དང་། དགོན་གྱི་སྒྲུབ་བླ་དབུ་ཆོས་ལས་བྱེད་རྣམས་དང་། དགེ་འདུན་ཡོངས་ནས་ཆོས་གོས་དང་བཀྲ་ཤིས་ལྷ་དར་དཀར་པོའི་ཕེབས་བསུ་སེར་སྦྲེང་ཟབ་རྒྱས་ངང་གཟིམས་བྱུང་གསར་པར་གདན་འདྲེན་ཞུས། 

 དེའི་རྗེས་ལྷ་ཁང་ཆེན་མོར་སྤྱན་དྲངས་ནས་དགེ་འདུན་མང་ཚོགས་ཚོགས་ལ་གང་བློ་མ་དང་མྱུར་བྱོན་གསོལ་འདེབས་ཀྱི་ལྗགས་ལུང་། བླང་དོར་བཀའ་སློབ་བཅས་བསྩལ་གནང་། སྐབས་དེར་ཆོས་རྗེ་བླ་མ་དབང་ཕྱུག་སྟོབས་ལྡན་དང་། མཆོག་སྤྲུལ་དམ་ཆོས་རིན་པོ་ཆེ། སྐུའི་གཅེན་པོ་ཕྱག་མཛོད་ཡོན་ཏན་རྒྱ་མཚོ་དབུས་པའི་མཁན་རིན་པོ་ཆེ་རྣམས་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཏེ་བསྟན་འགྲོའི་དོན་དུ་སྐུ་ཚེ་མགོན་པོ་ཚེ་ལྷའི་ངོ་བོར་བརྟན་ཅིང་མཛད་ཕྲིན་ཕྱོགས་མཐར་རྒྱས་པའི་སྨོན་འདུན་ཞུས། དེའི་རྗེས་ཞི་བར་གཤེགས་པ་༧སྐྱབས་རྗེ་རིན་པོ་ཆེའི་སྐུ་གདུང་མདུན་ཐུགས་སྨོན་ཟབ་རྒྱས་གནང་།

དེ་ནས་དགུང་ཚིགས་འདེགས་འབུལ་དང་། སྐུ་གདུང་མཆོད་རྟེན་ལྷ་ཁང་ལ་རབ་གནས་གནང་བའི་སྒོ་ནས་བཀའ་དྲིན་ཆེ་བསྐྱངས་ཀྱིས་སྦྱོར་དངོས་མཇུག་གསུམ་དགེ་བའི་ངང་དུ་ལེགས་པར་གྲུབ་སྟེ་རྒྱལ་ས་ཀཱཋ་མཎ་ཌཱུར་ཆིབས་བསྒྱུར་གནང་འདུག   སརྦ་མངྒལམ།

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*