༧ སྐྱབས་རྗེ་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེའི་འཕགས་བཟང་སྤྱོད་སྨོན་ལམ་འཆད་གནང་བ།

འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་ཟིན་བྲིས། ༼༢༽

ཉིན་གཉིས་པ། སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེས་གསུངས།

རབ་བརྟན་འཇམ་དབྱངས་སྦྱིན་པས་ཡི་གེར་ཕབ།

              སྟོན་པ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ།།

འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་སྐོར་ནས་མུ་མཐུད་དེ་ཞུ་བར་བྱེད་པ་ལ། ང་ཚོ་སྟོན་པ་བཀའ་དྲིན་ཅན་གྱི་རྗེས་འབྲངས་པ་ཡིན་ན། ཆོས་བཤད་མཁན་དང་། ཉན་མཁན་གཉིས་ཀས་ཀུན་སློང་དང་། བསམ་བློ་གཏོང་སྟངས་ཀྱང་དམིགས་བསལ་ཞིག་གཏོང་དགོས་ཀྱི་ཡོད་རེད། ཤེས་ཡོན་དང་། རྒྱུས་ལོན་པ་ཙམ་གྱི་ཆེད་དུ་བཟང་སྤྱོད་སྐོར་ཧ་གོ་དགོས་ཀྱི་འདུག་བསམ་པ་ཙམ་མིན་པར་འཁོར་བ་ལ་ངེས་པར་འབྱུང་བའི་ངེས་འབྱུང་གི་བསམ་བློ་ཞིག་དགོས་ཀྱི་ཡོད་རེད། ངེས་འབྱུང་རྒྱ་ཆེན་པོ་བྱུང་མ་ཐུབ་ནའང་ང་རང་ཚོའི་ཚེ་འདིའི་ནང་ལ་ཐོབ་པ་དང་། ཤོར་བ། སྙན་པ་དང་། མ་སྙན་པ། གྲོགས་དང་། དགྲ་སོགས་ལ་ཧ་ཅང་གི་བརྩི་འཇོག་བྱ་བར་བརྒྱ་ཆ་བརྒྱ་ཐམ་པ་དོན་སྙིང་མི་འདུག་བསམ་པ་ཞིག་ཡིན་གཅིག་མིན་གཅིག་དགོས་ཀྱི་རེད། དེའི་སྟེང་ལ་ཁ་རྩང་ཞུས་པ་ལྟར་བཟང་པོ་སྤྱོད་པ་ནི་ཐེག་པ་ཆེན་པོའི་མདོ། ཕལ་པོ་ཆེའི་མདོ། སྡོང་པོ་བཀོད་པའི་མདོ་ཡིན་པས་ཐེག་པ་ཆེན་པོའི་བསམ་བློ་གཏོང་སྟངས་ཤིག་ངེས་པར་དུ་དགོས་ཀྱི་རེད། མ་མཐའ་ཆོས་བཤད་མཁན་དང་ཉན་མཁན་གཉིས་ཀས་ཆོས་འཆད་ཉན་བྱ་བར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡིན་བསམ་དགོས་རེད།

སེམས་ཅན་གཞན་གྱི་དོན་ཞེས་པས་སེམས་ཅན་གཞན་ལ་གནས་སྐབས་སུ་ཕན་ཐོགས་པ་དང་། ཚེ་འདི་ལ་ཕན་ཐོགས་པ་རྐྱང་པ་མ་ཡིན་པར་དེ་དག་ཀྱང་སངས་རྒྱས་ཀྱི་གོ་འཕང་འཐོབ་ཐུབ་པའི་ཐབས་ཤེས་བཟོ་དགོས་ཀྱི་འདུག་བསམ་པའི་བློ་ཞིག་དགོས་རེད། སངས་རྒྱས་ཀྱི་གོ་འཕང་ཐོབ་ཅེས་པ་ལ་རྒྱུས་མེད་མཁན་དག་གི་བསམ་བློ་གཏོང་སྟངས་ནི། ཆོས་ཀྱི་གནས་ལུགས་ཆ་ཚང་ཇི་མ་ཇི་བཞིན་ཧ་གོ་ཐུབ་པ་ཞིག་ལ་ཐར་པ་ཐོབ། སངས་རྒྱས་ཀྱི་གོ་འཕང་ཐོབ་ཅེས་ཆ་བཞག་ན་འགྲིག་གི་འདུག ཆོས་ཀྱི་གནས་ལུགས་ཆ་ཚང་ཧ་གོ་མ་ཐུབ་བར་དུ་མ་རིག་པའི་རྨོངས་པ་ཞིག་ག་དུས་ཡིན་ན་སླེབ་འདུག་གི་ཡོད་རེད། མ་རིག་པ་ཡོད་པའི་བར་དུ་མ་རིག་པ་ལ་བསྟེན་ནས་ཉོན་མོངས་པ་འདོད་ཆགས་ཞེ་སྡང་དེ་དག་སྐྱེ་ཡི་ཡོད་རེད། དེ་དང་བསྟུན་ནས་ལས་འདྲ་མིན་བྱས། ལས་དགེ་བ་དང་སྡིག་པ་གཉིས་ཀ་བྱས། ལས་ཀྱི་རྣམ་སྨིན་ཉམས་སུ་མྱོང་། ལས་དེའི་རྣམ་སྨིན་མྱོང་དུས་མ་རིག་པ་གསར་པ་སྐྱེ། ཉོན་མོངས་པ་གསར་པ་སྐྱེ། དེ་ལྟར་བྱས་ནས་སྐོར་ར་བརྒྱབས་པ་ལ་ཁམས་གསུམ་འཁོར་བའི་སྡུག་བསྔལ་མྱོང་ཞེས་མཛུབ་མོ་འཛུགས་དགོས་ཀྱི་ཡོད་རེད། དེ་ལྟའི་ཁམས་གསུམ་འཁོར་བ་ལས་ཐར་བ། དེའང་རང་རྐྱང་པ་མིན་པར་སེམས་ཅན་གཞན་དག་ཐམས་ཅད་ཀྱང་ཐར་བའི་དོན་དུ་སྨོན་ལམ་རྒྱག་གི་ཡིན། སྨོན་ལམ་རྒྱག་པའི་ཆེད་དུ་སྨོན་ལམ་གྱི་སྐོར་ལ་རྒྱུས་ཡོད་པ་བྱེད་རྒྱུ་ཡིན་བསམ་པ་ལྟ་བུ་ཀུན་སློང་གིས་རྩིས་ཟིན་ན་ཐེག་པ་ཆེན་པོའི་ལམ་འགྱུར་གྱི་ཡོད་རེད།

སྨོན་ལམ་ལ་ཐེག་པ་ཆེན་པོའི་སྨོན་ལམ་ག་རེ་ཡིན་པ་དང་། དེའི་ནང་ནས་དམིགས་བསལ་འཕགས་པ་ཀུན་ཏུ་བཟང་པོའི་སྨོན་ལམ། ང་ཚོའི་ངག་རྒྱུན་དུ་བཟང་སྤྱོད་སྨོན་ལམ་ཟེར་གྱི་རེད། དེ་འདོན་པ་ལ་ཕན་ཡོན་དཔེ་མ་སྲིད་མང་པོ་གསུངས་ཡོད་རེད། དེའང་ཉི་མ་རྟག་པར་འདོན་ན་ཡིན་དང་ཡིན། དེ་ལྟར་མིན་པ་ལན་གཅིག་ཙམ་ལ་བྱང་ཆུབ་སེམས་དཔའི་ལམ། བྱང་ཆུབ་ཀྱི་ཡོན་ཏན་དང་། བྱང་ཆུབ་མཆོག་གི་ཡོན་ཏན་ལ་དང་བ་དང་། དད་པ་དགོས་ས་རེད་བསམ་པ་ལྟ་བུ་དོན་གཉེར་བྱས་ཏེ་ཚར་གཅིག་བཏོན་ནའང་དཔེ་མ་སྲིད་པ་དགེ་བའི་རྩ་བ་རྒྱ་ཆེན་པོ་ཡོད་པ་བཟང་སྤྱོད་ཀྱི་ཕན་ཡོན་ནང་དུ་གསུངས་ཡོད་རེད། ཕྱོགས་བཅུའི་ཞིང་ཁམས་ག་ས་གང་དུ་རིན་པོ་ཆེའི་རྒྱན་ཆ་ལྷ་དང་མི་དང་ལྷ་མ་ཡིན་གྱི་ཅ་ལག་རིན་ཐང་ཆེན་པོ་དག་གིས་བཀང་ནས་ཡར་ཕུལ། འབུལ་ཡུལ་ཡང་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ། དེའང་དུས་ཚོད་གཅིག་དང་གཉིས་ཙམ་མིན་པར་བསྐལ་བ་མང་པོ་ལ་འབུལ་བ་ལས་ཀྱང་བྱང་ཆུབ་མཆོག་གི་ཡོན་ཏན་ལ་བསམ་བློ་བཏང་ནས་བཟང་སྤྱོད་སྨོན་ལམ་ཚར་གཅིག་བཏོན་ན་ཕན་ཡོན་ཆེ་བ་ཡོད་ཅེས་གསུངས་ཡོད་རེད། དེ་འདྲའི་སྐད་ཆ་གོ་ཡོང་དུས་ང་ཚོ་ལས་དང་པོ་པ་སྤྲོ་བ་དང་སེམས་ཤུགས་བསྐྱེད་པའི་ཆེད་དུ་སངས་རྒྱས་རྣམས་ཀྱིས་གསུངས་པ་རེད་ཅེས་བསམ་མཁན་ཡང་ཡོད་རྒྱུ་རེད། མང་པོ་ཞིག་གིས་འདི་དག་ཆོས་ལུགས་པའི་སྐད་ཆ་རེད། སྨོན་ལམ་སོགས་ལ་ཡིད་ཆེས་རྒྱུ་ཡོད་མ་རེད། སྨོན་ལམ་གྱི་དཔང་པོ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་ཆོས་ལུགས་པས་བཟོས་པ་རེད་ཅེས་བསམ་བློ་གཏོང་མཁན་ཡང་ཡོད་རེེད། དེའང་བསམ་བློ་གཏོང་སྟངས་ཤིག་རེད།

ཡང་ཁ་ཤས་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་མངོན་ཤེས་བསམ་གྱིས་མི་ཁྱབ་པ་ཡོད་རེད། སྟོབས་བཅུ་ཡོད་རེད། རྫུ་འཕྲུལ་གྱི་རྐང་པ་བཞི་ཡོད་རེད། ང་ཚོས་སྨོན་ལམ་བཏོན་ན་སངས་རྒྱས་ཀྱི་མངོན་ཤེས་ཀྱིས་ཐོགས་པ་མེད་པར་མཁྱེན་རྒྱུ་རེད་བསམ་པ་སོགས་རྒྱུ་མཚན་གྱིས་སྨོན་ལམ་འགྲུབ་ཡོང་གི་རེད་ཅེས་བསམ་བློ་གཏོང་མཁན་ཡོད་རེད། དེའང་བསམ་བློ་གཏོང་སྟངས་ཡག་ཤོས་མ་རེད། ཡིན་ནའང་འགྲིག་གི་རེད། བསམ་བློ་གཏོང་སྟངས་ཡག་ཤོས་ཁ་རྩང་བཀའ་མོལ་བྱུང་བ་ལྟར་བསམ་གྱིས་མི་ཁྱབ་པའི་གནས་ཚུལ་ལ་ཅུང་ཙམ། འདི་དངོས་གནས་མ་འདྲ་བ་ཞིག་རེད་འདུག་བསམ་པའི་སོམ་ཉི་ཞིག་ཟ་ནའང་བསམ་བློ་གཏོང་སྟངས་ཡག་ཤོས་ཤིག་ཆགས་ཀྱི་རེད། སྤྱིར་ན་ཕལ་པོ་ཆེའི་མདོ་དང་། སྡོང་པོ་བཀོད་པའི་མདོ་དག་གི་ནང་དུ་ཡོད་རེད། དེ་དཔེ་མ་སྲིད་རྒྱས་པ་ཡིན་པས་གང་ནས་བཤད་དགོས་ཧ་གོ་ཡི་མི་འདུག་ལ། རྒྱ་ཆེ་ཐག་ཆོད་ནས་བཤད་ཀྱང་ཤེས་ས་མ་རེད། དཔེར་ན་གཞོན་ནུ་ནོར་བཟང་བྱང་ཆུབ་སེམས་དཔའ་བྱམས་པ་ལྟ་བུ་མཇལ་བའི་སྐབས་སུ་རྗེ་བཙུན་བྱམས་པ་མགོན་པོའི་སྐུ་ཡི་བ་སྤུ་ཁུང་བུ་རེ་རེའི་ནང་ལའང་ཞིང་ཁམས་རྒྱ་མཚོ་དང་བཅས་པ་མང་པོ་ཡོད་པར་གཟིགས། ཞིང་ཁམས་དེ་དག་རེ་རེའི་ནང་ལའང་སངས་རྒྱས་མང་པོ། སངས་རྒྱས་དེ་དག་རེ་རེ་ལའང་འཁོར་སློབ་མ་སོ་སོ་སྟེ། ཁ་ཤས་ལ་བརྒྱ། སྟོང་། ཁྲི། འབུམ་ཡོད་པ། དེའི་ནང་དུ་གཞོན་ནུ་ནོར་བཟང་ཁོང་རང་ཡང་ཐོག་མར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། བྱང་ཆུབ་མཆོག་གི་ཡོན་ཏན་ལ་སློབ་སྦྱོང་ཧ་ཅང་བྱས། ཉམས་ལེན་བྱས། རིམ་པས་ས་བགྲོད་པ་དེ་དག་སྟན་ཐོག་གཅིག་དང་དུས་ཚོད་གཅིག་གི་སྟེང་ལ་ཁོང་གིས་གཟིགས་པའི་ལོ་རྒྱུས་མདོ་སྡེའི་ནང་ལ་ཡོད་རེད། དེ་ལ་ལོ་རྒྱུས་མ་ཟེར་རང་ཟེར་རེད།

ད་ལྟ་ང་ཚོ་ལྟ་བུ་ལ་སངས་རྒྱས་ནི་ལོ་ཉིས་སྟོང་ལྔ་བརྒྱའི་སྔོན་ལ་བྱུང་བ་རེད། ལུམྦི་ནི་ལ་སྐུ་འཁྲུངས། ནཻ་ར་ཛ་ནར་ལོ་དྲུག་ལ་དཀའ་བ་སྤྱད། དེའི་མཇུག་ལ་བྱང་ཆུབ་ཤིང་དྲུང་འོག་ནས་མངོན་པ་རྫོགས་པར་སངས་རྒྱས་པ་དང་བྱང་ཆུབ་ཅེས་བཤད་རྒྱུ་ཡོད་རེད། དེ་ལྟར་དུས་དང་ཕྱོགས་སོ་སོ་སོ་སོ་ཆུང་ཆུང་བཤད་རྒྱུ་ཡོད་རེད། ཕལ་པོ་ཆེའི་མདོའི་བཤད་སྟངས་བྱས་ན། ད་ལྟའི་སྔོན་གྱི་ལོ་ཉིས་སྟོང་ལྔ་བརྒྱ་ཙམ་ན་སངས་རྒྱས་བྱུང་བ་རེད་ཅེས་བཤད་པ་སོགས་ནི་ཕྲུ་གུ་ཆུང་ཆུང་གི་སྐད་ཆ་རེད། སྐྱེས་མ་ཐག་པའི་ཕྲུ་གུ་ཆུང་ཆུང་ལ་ཟ་མ་སྤྲོད་པ་ལའང་ཟ་མ་ཁ་ལ་ཤོང་བ་དང་། ཁ་ནང་ལ་འཛུལ་ཚར་ནའང་ཞུ་ཐུབ་པ་བྱེད་ནས་སྤྲོད་དགོས་རེད་མ་གཏོགས་ལམ་སེང་ང་ཚོ་མི་རྒན་པས་ཟ་བ་ནང་བཞིན་ཁ་ནང་ལ་ཤོང་གི་མ་རེད་ལ། ལྟོ་བའི་ནང་དུ་ཞུ་ཡི་ཡང་མ་རེད། དེ་ལྟར་ཕྲུ་གུ་ཆུང་ཆུང་དག་གི་བསམ་བློའི་ནང་ཤོང་བ་ཞིག་བཤད་དགོས་ཀྱི་ཡོད་རེད། དེ་བས་ལོ་ཉིས་སྟོང་ལྔ་བརྒྱའི་སྔོན་ལ་ཡབ་རྒྱལ་པོ་ཟས་གཙང་མ་དང་། ཡུམ་སྒྱུ་མ་ལྷ་མཛེས་ཀྱི་སྲས་སུ་འཁྲུངས་ཞེས་བཤད་དགོས་ཀྱི་ཡོད་རེད། ད་ལྟ་ང་ཚོ་སྨོན་ལམ་འདོན་མཁན་དག་གིས་ཀྱང་སངས་རྒྱས་ཤཱཀྱ་ཐུབ་པ་མདུན་གྱི་ནམ་མཁའ་ལ་ཡོད་བསམ་པའི་ཐབས་ཤེས་ལྟ་བུ་དཔེར་ན་ད་ལྟའི་སྐབས་སུ་སྨོན་ལམ་འདོན་ཐབས་དེའང་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱིས་གསུངས་པ་འདུག འདོན་པའི་ཐབས་ཤེས་ལ་སངས་རྒྱས་ཤཱཀྱ་ཐུབ་པ་དང་། ཀུན་ཏུ་བཟང་པོ་དེ་དག་སྒོམ་པའི་ཐབས་ཤེས་ཡོད་རེད། དེ་དག་ཕྲུ་གུ་ཆུང་ཆུང་དག་ལ་མ་བཤད་རང་བཤད་རེད། ང་ཚོས་ཡག་པོ་བྱས་ཏེ་འདོན་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དེ་དག་གིས་མཁྱེན་འགྲོ་ཡི་རེད། དགོངས་འགྲོ་ཡི་རེད། དེ་དག་གིས་སྨོན་ལམ་འགྲུབ་པའི་ཐབས་ཤེས་དང་རོགས་པ་བྱེད་རྒྱུ་རེད་བསམ་པ་བསམ་བློའི་ནང་ཡོད་རེད། ཕལ་པོ་ཆེའི་མདོའི་དགོངས་དོན་ནང་བཞིན་བསམ་བློ་གཏོང་ཤེས་མཁན་ཡིན་ན་གཞོན་ནུ་ནོར་བཟང་ལྟར་ང་ཚོས་སངས་རྒྱས་ནི་ལོ་ཉིས་སྟོང་ལྔ་བརྒྱའི་སྔོན་ལ་བྱོན་ཟིན་པའི་སངས་རྒྱས་ཤིག་ལ་མོས་པ་བྱས། ཁོང་གིས་མཁྱེན་མིན་ལ་དཀའ་ངལ་གང་ཡང་དགོས་མ་རེད།

ད་ལྟ་ང་ཚོས་སྨོན་ལམ་འདོན་པའི་སྒང་ལ་གཞོན་ནུ་ནོར་བཟང་ཁོང་རང་གིས་དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། དཀའ་ལས་བརྒྱབས་པ་དེ་དག་སྟན་ཐོག་གཅིག་དང་། སྐད་ཅིག་གཅིག་ལ་མཐོང་ཐུབ་པ་ནང་བཞིན་ང་ཚོའང་མ་འོངས་པ་ན་ལས་ཀྱི་སྒྲིབ་པ་ཐམས་ཅད་གསབ་འགྲོ་སྐབས་སྔོན་མ་འདི་ལྟར་རྒྱ་གར་རྡོ་རྗེ་གདན་ལ་སྔ་དྲོ་ལངས། ཆུ་ཚོད་བརྒྱད་པ་ལ་སྨོན་ལམ་འདོན། ཉིན་གུང་ཟ་མ་ཟ་བ་ཡོངས་སུ་རྫོགས་པ་སྐད་ཅིག་གཅིག་དང་། སྟན་ཐོག་གཅིག་ལ་མཐོང་བ་ཡོད་པ་ཡིན་ས་རེད། ད་ལྟ་ཁ་ནས་མར་བཤད་དུས་སྔོན་མ་དེ་ལྟར་བྱས་པ་རེད་ཅེས་བཤད་པ་རེད་མ་གཏོགས་འདས། མ་འོངས། ད་ལྟ་ཞེས་པའི་དུས་ཀྱི་སྐད་ཆ་གཏན་ནས་མེད་ཡིན་ས་རེད། དེ་བས་སྨོན་ལམ་མི་འགྲུབ་པའི་རྒྱུ་མཚན་རྩ་བ་ནས་མེད་ཡིན་ས་རེད། དེ་བས་ད་ལྟ་བཟང་སྤྱོད་སྨོན་ལམ་ནང་དུ་དེ་བཞིན་གཤེགས་པ་མང་པོ་ལ་ཕྱོགས་བཅུའི་རིན་པོ་ཆེས་བཀང་ནས་ལྷ་དང་མིའི་ལོངས་སྤྱོད་ཕུལ་བ་ལས་ཀྱང་བཟང་སྤྱོད་སྨོན་ལམ་ཚར་གཅིག་བཏོན་ན་ཕན་ཡོན་ཆེ་བ་རེད་ཅེས་པ་འུར་བརྒྱབས་པའི་སྐད་ཆ་མ་རེད། དོན་དག་ངོ་མ་དེ་རེད། ཞོར་དུ་སྐད་ཆ་ཞིག་ཞུ་དགོས་དྲན་བྱུང་། ད་ལྟ་འདིར་བཤད་གྲྭའི་ནང་སློབ་གཉེར་གནང་མཁན་ང་ཚོ་གྲྭ་པ་ཚོའང་འདུག ཕྱི་རྒྱལ་ཕྱོགས་ནས་མང་པོ་འདུག ང་ཚོས་དུས་རྒྱུན་ཤེར་ཕྱིན་དང་དབུ་མ་ཞེས་པ་དེ་དག་ལྟ་དུས་ལྟ་བའི་སྐོར་ལ་སློབ་སྦྱོང་བྱེད་ཀྱི་ཡོད་ཅེས་གསུང་གི་ཡོད་རེད། དབུ་མ་ཞེས་པ་དེ་དག་སློབ་སྦྱོང་བྱེད་པའི་སྒང་ལ་གཙོ་བོར་ཐབས་ཤེས་ལྟ་བུ་རྟོག་གེ་རེད། རྟོག་གེ་ཞེས་པ་རིགས་པ། རྒྱུ་མཚན། རྟགས་རེད། མཐའ་བཞིའི་སྐྱེ་བ་བཀག་ཅེས་པ་དང་། དེ་དག་རེ་རེ་བཞིན་དུ་སྔ་རྒོལ་བཞག་ནས་ཕན་ཚུན་བཀའ་མོལ་གནང་ནས་མཐའ་བཞི་དང་མཐའ་བརྒྱད་ཀྱི་སྤྲོས་པ་བྲལ་བར་བྱས་ནས་དེ་ལྟར་ལྟ་བ་སྒྲུབ་ཀྱི་ཡོད་རེད། དེ་བས་རྒྱལ་བའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་པ་དང་། སྟོང་པ་ཉིད་ཅེས་པ་དེ་དག་གཏན་ལ་ཕབ་ནས་འགྲོ་ཡི་ཡོད་རེད། འགྲོ་སྟངས་གཅིག་དེ་རེད། གང་ཟག་ཁ་ཤས་ལ། ད་ལྟ་ཕལ་པོ་ཆེའི་མདོ་ལས་གསུངས་པ་ནང་བཞིན་མེ་ཏོག་པདྨའི་སྡོང་པོ་གཅིག་ཡོད་རེད། དེའི་སྟེང་ལ་མེ་ཏོག་པདྨའི་སྡོང་པོ་ཉི་ཤུ་རྩ་ལྔ་ཡར་བསྒྲིགས་ཡོད་རེད། དེའི་ནང་གི་མེ་ཏོག་པདྨའི་སྡོང་པོ་གཅིག་གི་ནང་ལའང་ཞིང་ཁམས་སྣ་ཚོགས་པ་ཡོད་རེད་ཅེས་བཀའ་མོལ་གནང་བ་ལ་བསྟེན་ནས་མཐའ་བཞི་དང་མཐའ་བརྒྱད་ཀྱི་སྤྲོས་པ་དང་བྲལ། སངས་རྒྱས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཧ་གོ་ཐུབ་པའི་རྐྱེན་དུ་འགྱུར་གྱི་ཡོད་ས་རེད། ངས་ཁྱེད་ཅག་ལ་དེ་ག་ཙམ་ཞུ་རྒྱུ་བྱུང་བ་དེ་ཡང་ཁ་ཤས་ཀྱིས་ནང་པ་སངས་རྒྱས་པས་སྟོང་ཉིད་བསྒོམས་ཀྱང་ཐོབ་བྱ་གང་ཡང་མེད། ག་གང་ཡང་མེད་པའི་སྟོང་པ་རེད་ཅེས་བསམ་མཁན་ཡོད་རྒྱུ་རེད། དེ་ལྟར་མ་རེད། སྟོང་པ་ཉིད་རྟོགས་ཞེས་པའི་སྐད་ཆ་དེ་དང་། རྡུལ་གཅིག་གི་སྟེང་ལ་རྡུལ་སྙེད་ཀྱི་སངས་རྒྱས་མཐོང་ཞེས་པ་དེ་གཉིས་དོན་དག་གཅིག་པ་ཆགས་ཡོད་རེད།

ཁ་རྩང་ཞུས་པ་ལྟར་འདས་པའི་སངས་རྒྱས་ལའང་ཕྱག་འཚལ་བ་ཡོད་པ། ད་ལྟའི་སངས་རྒྱས་ལའང་ཕྱག་འཚལ་བ་ཡོད་པ། མ་འོངས་པའི་སངས་རྒྱས་ལའང་ཕྱག་འཚལ་བ་ཡོད་རེད་ཅེས་པའི་བསམ་བློ་དེ་དག་ཆོས་ཐམས་ཅད་ཀྱི་གནས་ལུགས་སྟོང་པ་ཉིད་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་བཟོ་ཐུབ་ཀྱི་ཡོད་རེད། སྤྱིར་ན་གསུངས་ཀྱང་དེ་ལྟར་གསུང་གི་རེད། ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་པ་ལ་བྱ་བྱེད་རུང་བ་ཐལ་འགྱུར་བའི་ཁྱད་ཆོས་ཡིན་ཞེས་ངོམ་ངོམ་བྱེད་ནས་བཤད་རྒྱུ་ཡོད་པའང་དེ་རེད། དེ་བས་བཟང་སྤྱོད་སྨོན་ལམ་ཚར་གཅིག་བཏོན་པ་ཙམ་གྱིས་ཀྱང་ངན་སོང་ཐམས་ཅད་སྤངས། གྲོགས་པོ་ངན་པ་སྤངས། གྲོགས་པོ་ངན་པ་ནི་རྣམ་གཡེང་བྱེད་བཅུག་པའི་གྲོགས་པོ་དེ་ཚོའང་ཡིན་རྒྱུ་རེད་དེ་ངན་ཤོས་ཡིན་ས་མ་རེད། གློག་བརྙན་ལ་བལྟ་བཅུག་པ་དང་། གླུ་གཞས་ཉན་བཅུག་མཁན་དེ་དག་གྲོགས་པོ་སྡུག་ཤོས་མ་རེད། གྲོགས་པོ་སྡུག་ཤོས་སྟོང་པ་ཉིད་ཀྱི་དོན་ལ་ག་ཚད་ཡིན་ནའང་མི་མོས་པར་བཟོ་མཁན། ད་ལྟ་མེ་ཏོག་པདྨ་གཅིག་གི་སྟེང་ལ་མེ་ཏོག་པདྨ་ཉི་ཤུ་རྩ་ལྔ་ཡོད་རེད། དེའི་ནང་གི་པདྨ་རེ་རེ་ལའང་སངས་རྒྱས་ཀྱི་ཞིང་ཁམས་འབུམ་ཕྲག་མང་པོ་ཡོད་རེད་ཅེས་པ་དག་དེ་ག་ཙམ་གྱི་སྐད་ཆ་རེད་ཟེར་མཁན་དང་། མགོ་འཐོམས་བཅུག་མཁན་དེ་དག་གྲོགས་པོ་ངན་ཤོས་རེད། བཟང་སྤྱོད་སྨོན་ལམ་བཏོན་པའི་རྒྱུ་ལ་བསྟེན་ནས་སྣང་བ་མཐའ་ཡས་ཏེ་འོད་དཔག་མེད་པའི་ཞལ་ཡང་མགྱོགས་པ་མཇལ་གྱི་རེད། སངས་རྒྱས་འོད་དཔག་ཏུ་མེད་པ་དེའང་བསམ་བློ་གཏོང་སྟངས་མང་པོ་རེད། འོད་དཔག་ཏུ་མེད་པ་ནི་དུས་རྒྱུན་ང་ཚོས་སངས་རྒྱས་སྐུ་མདོག་དམར་པོ། འདི་ནས་ཕར་བལྟས་པའི་ཉི་མ་ནུབ་ཀྱི་ཕྱོགས་ལ་ཡོད་རེད་ཅེས་མཁས་གྲུབ་ར་ག་ཨ་སྱ་སོགས་ཀྱིས་གསུངས་པའི་བདེ་ཆེན་ཞིང་བཀོད་ནང་ལ་ཡོད་རེད། དེ་དག་དཔེ་མ་སྲིད་ཡག་པོ་རེད། ཡིན་ནའང་སངས་རྒྱས་འོད་དཔག་ཏུ་མེད་པ་སྣང་བ་མཐའ་ཡས་ཞེས་པ་ལྟ་བུ་ཚིག་དེ་ཙམ་ལ་བསམ་བློ་ཡག་པོ་གཏོང་ན། དེའང་བསམ་གྱིས་མི་ཁྱབ་པའི་གནས་ལུགས་ཆོས་ཐམས་ཅད་ཟབ་ཅིང་སྤྲོས་པ་དང་བྲལ་བ་སྟོན་གྱི་ཡོད་རེད། ཡིན་ནའང་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་མཚན་ཙམ་ཡིད་ལ་བྱེད་པ་དང་། སྐུ་མདོག་དམར་པོ་དང་། ཞིང་ཁམས་ཀྱི་བཀོད་པ་ཡིད་ལ་བྱེད་པ་ཙམ་གྱིས་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་བསྐྱེད་དང་སྨོན་ལམ་ལ་བསྟེན་ནས་ཧ་ཅང་གི་ཕན་ཐོགས་ཡོད་རེད། བཟང་སྤྱོད་སྨོན་ལམ་འདོན་པའི་རྒྱུ་མཚན་གྱིས་རྙེད་པ་ལེགས་པར་རྙེད་ཅེས་པ་ཐོབ་བྱ་ཡག་པོ་ཐོབ་ཀྱི་རེད་གསུངས་པ་རེད། ཐོབ་བྱ་ཡག་པོ་གསུངས་པ་ནི། གཙོ་བོར་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་དང་ཞལ་མཇལ་བ། ཐེག་པ་ཆེན་པོའི་ཆོས་ལ་མོས་པ་དང་དགའ་བོ་ཡོད་པའི་གྲོགས་དང་གཉེན་སོགས་འཕྲད། ཐེག་པ་ཆེན་པོའི་སྤྲོས་བྲལ་སོགས་ལ་ཇུས་ཏོག་བྱེད་ཤེས་མཁན་གྱི་མི་དག་གི་སྐོར་ལའང་ཧ་གོ།

དཔེར་ན་ང་ཚོ་ལྟ་བུ་ཡིན་ན་མགོན་པོ་ཀླུ་སྒྲུབ་ཅེས་པ་དེ་དག་གི་མཚན་མི་ཚེ་འདིའི་ནང་ལ་གོ་མྱོང་ཡོད་རེད། དེ་ནི་དཔེ་མ་སྲིད་པའི་བསོད་ནམས་ཡོད་པའི་རྟགས་རེད། ཞི་བ་ལྷ་ཡང་གོ་མྱོང་ཡོད་རེད། དེས་མ་ཚད་སྤྱོད་འཇུག་ཅེས་པའི་དཔེ་ཆ་ཞིག་ཡོད་པ་ཧ་གོ། དཔེ་ཆ་ཞིག་ཡོད་པར་ཧ་གོ་བ་ཙམ་མ་ཟད་ཐོབ་བསམ་ལྟ་བུ་ཅུང་ཙམ་ཅུང་ཙམ་བྱས། དེ་དག་རྙེད་པ་ལེགས་པར་རྙེད་པ་རེད། བཟང་པོ་སྤྱོད་པ་འདོན་པའི་རྒྱུ་མཚན་གྱིས་ལས་ཀྱི་སྒྲིབ་པ་བྱང་གི་རེད། དེ་གནད་འགག་ཆེན་པོ་རེད། གང་རེད་ཅེ་ན། སྡིག་པ་སྦྱོང་བ་དང་། སྒྲིབ་པ་སྦྱོང་བ་དེ་དག་ཅུང་ཙམ་དྲག་གི་ཡོད་ས་རེད། ག་རེ་རེད་ཅེ་ན། ཁོ་རང་སྡུག་པོ་ཡིན་པར་ཧ་གོ་ཡི་ཡོད་རེད། ལས་ཀྱི་སྒྲིབ་པ་ཞེས་པ་ལ་ཅུང་ཙམ་དཀའ་མོ་ཡོད་རེད། གང་རེད་ཅེ་ན། ལས་དེས་ཕན་ཀྱང་ཐོགས་ཀྱི་ཡོད་རེད། ཐར་པ་ཐོབ་པའི་སྒང་ལ་ལས་ཡོངས་སུ་རྫོགས་པ་སྟེ་ལས་སྒྲིབ་ཐམས་ཅད་བྱང་དགོས་ཀྱི་ཡོད་རེད། མ་སྤངས་ན་ཐར་པ་ཐོབ་ཀྱིན་ཡོད་མ་རེད། ལས་ཀྱི་སྒྲིབ་པ་ང་རང་ཚོའི་ལྷམ་ནང་བཞིན་གྱུར་ཡོད་ས་རེད། ང་ཚོས་ཕན་གྱི་རེད་བསམ་སྟེ་གྱོན་ནས་ཡོང་གི་ཡོད་རེད། ཡིན་ནའང་དེ་གྱོན་བཞིན་པའི་སྐབས་སུ་ཉལ་ནའང་མི་འགྲིག ཁྲུས་ཤིག་རྒྱག་ནའང་མི་འགྲིག་པས་ཕུད་དགོས་ཀྱི་ཡོད་རེད། ལས་སྒྲིབ་སྤང་བ་ལ་དཀའ་ལས་ཁག་པོ་ཡོད་ས་རེད། ཕྲ་མོ་དེ་དག་བདག་མེད་རྟོགས་པའི་ཤེས་རབ་དང་ཡེ་ཤེས་གཉེན་པོ་བསྟེན་ནས་སྤོང་ན་མ་གཏོགས་སྤང་མ་ཐུབ་པ། དེ་ལྟར་མདོ་སྡེ་དེ་དག་ནང་དུ་དཔེ་མ་སྲིད་མང་པོ་གསུངས་ཡོད་རེད། དཔེར་ན་མགོན་པོ་ཀླུ་སྒྲུབ་ཀྱང་མཐའ་མ་ཞི་བར་གཤེགས་ཁར་རྩ་འཇག་མ་ཞིག་གིས་དབུ་བཅད་དེ་ཞི་བར་གཤེགས་པའི་ལོ་རྒྱུས་ཀྱི་རྒྱུ་མཚན་ག་རེ་རེད་ཅེ་ན། ལས་སྒྲིབ་སྟེ་སྐུ་སྐྱེ་མང་པོའི་སྔོན་ལ་འབུ་ཞིག་དམིགས་བསལ་གྱིས་བསད་པ་ཡིན་ས་མ་རེད་དེ། ཞོར་དུ་འཆི་ཤོར་བའི་ལོ་རྒྱུས་ཡོད་རེད། དེ་དག་ལ་བསམ་བློ་གཏོང་དུས་ལས་སྒྲིབ་འདག་འདོད་ཡོད་མཁན་གྱི་མི་ཡིན་ན་བཟང་སྤྱོད་སྨོན་ལམ་འདོན་དགོས་རེད། མཚམས་མེད་ལྔ་པོ་དག་གི་སྡིག་པ་རྣམས།། གང་གིས་མི་ཤེས་དབང་གིས་བྱས་པ་དག། དེ་ཡིས་བཟང་པོ་སྤྱོད་པ་འདི་བརྗོད་ན།། མྱུར་དུ་མ་ལུས་ཡོངས་སུ་བྱང་བར་འགྱུར།།

མཆན། གསལ་བཤད་དགོས་པ་ཞིག་ལ། ཚིག་དོན་གང་རུང་ལ་ནོར་འཁྲུལ་བྱུང་ཡོད་ཚེ་ཡིག་འགོད་པའི་སྐྱོན་ཆ་ཡིན་པས་དེ་བཞིན་ཀློག་པ་པོ་ཡོངས་ནས་ཐུགས་འཇགས་དང་སྒེར་ནས་ལེགས་བཅོས་གནང་རོགས་ཞུ་རྒྱུ་ཡིན། དགེ་བས་མ་རྒན་བཀྲ་ཤིས་མཚོ་གཙོས་བདག་གཞན་ཐམས་ཅད་ཀྱི་རྒྱུད་ལ་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་དོན་མཐའ་དག་མངོན་དུ་འགྱུར་ཕྱིར་བསྔོའོ།།

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*