ཏུང་ཧོར་གཉིས་པ་གྲགས་པའི་དཔལ་ལྡན་ས་སྐྱའི་དགོན་པ་འཛམ་གླིང་བྱང་ཕྱོགས་ཐུབ་པའི་རྒྱལ་ཚབ་དཔལ་ས་སྐྱའམ་གངས་ལྗོངས་རྡོ་རྗེ་གདན་དཔལ་ས་སྐྱ་པ།
དཔལ་ལྡན་ས་སྐྱ་པའི་དགོན་པ་ཐོག་མ་ནི་ས་སྐྱ་གོག་པར་ཞེས་པ་དེ་ནི། འཁོན་དཀོན་མཆོག་རྒྱལ་པོས་ཕྱག་བཏབ་གནང་། དེ་ཡང་འཁོན་དཀོན་མཆོག་རྒྱལ་པོ་ནི་རབ་བྱུང་དང་པོའི་ཤིང་ཕོ་ཁྱི་ལོར་སྤྱི་ལོ་༡༠༣༤་གཡའ་ལུང་མཁར་སྟབས་སུ་འཁོན་ཤཱཀྱ་བློ་གྲོས་སྲས་སུ་སྐུ་འཁྲུངས། རབ་བྱུང་གཉིས་པའི་ཆུ་ཕོ་རྟ་ལོར་སྤྱི་ལོ་༡༡༠༢ སྒོ་རུམ་དུ་སྐུ་གཤེགས། སྐུ་གཞོན་ནུའི་དུས་སུ་ཡབ་དང་གཅེན་འཁོན་རོག་ཤེས་རབ་ཚུལ་ཁྲིམས་ལས་དབང་བཤད་དང་མན་ངག་མང་དུ་གསན་ཞིང་གསང་སྔགས་རྙིང་མ་ལ་མཁས་པར་སྦྱངས། རྗེས་སུ་གསང་སྔགས་གསར་མ་ལའང་མཁས་པར་བསླབས། དེ་ནས་འཁྱིན་ལོ་ཙཱ་བ་ལས་ཀྱེ་རྡོ་རྗེའི་དབང་ཞུས། རྒྱུད་གསན། འབྲོན་མི་ལོ་ཙཱ་བ་ལས་རྒྱུད་གསུམ་གྱི་བཤད་པ་རྒྱས་པར་གསན་ནས་བཤད་བཀའ་འཛིན་པའི་བུ་ཆེན་ལྔའི་ནང་ནས་མཆོག་ཏུ་གྱུར། འགོས་ལོ་ཙཱ་བ་ལས་གསང་འདུས་ཀྱི་སྐོར་དང་། ཨོ་རྒྱན་གྱི་པཎྜི་ཏ་ཤེས་རབ་ལས་ཐིག་ལེ་ལྔའི་སྐོར། རྨ་ལོ་ཙཱ་བ་ལས་བདེ་མཆོག་དང་གྲུབ་སྙིང་གི་སྐོར་སོགས་གསན། གཞན་ཡང་མལ་ལོ་ཙཱ་བ་དང་། བ་རི་ལོ་ཙཱ་བ། སྤུ་ཧྲང་ལོ་ཙཱ་བ། གནམ་ཁའུ་པ་སྐུ་མཆེད། འཁོན་སྐྱི་ཆུ་བ། སྐྱུ་ར་ཨ་སེང་སོགས་བླ་མ་དམ་པ་མང་པོ་ལས་སེམས་བསྐྱེད་དང་། དབང་བཤད་མན་ངག་མཐའ་ཡས་པ་གསན་ནས་གསང་སྔགས་གསར་རྙིང་མཐའ་དག་གི་བདག་པོར་གྱུར། དེ་ནས་ཞང་ཡུལ་འཇག་གཤོང་དུ་བྱོན་ནས་ཡབ་དང་གཅེན་གྱི་ཕྱི་རྟེན་བཞེངས། བྲ་བོ་ལུང་པར་དགོན་ཆུང་ཞིག་བཏབ་ནས་ལོ་འགར་བཞུགས་པས་དེ་ལ་ས་སྐྱ་གོག་པོར་གྲགས་སོ། དེ་ནས་དཔོན་པོ་རི་གླང་པོ་ཆེ་ཉལ་བ་འདྲ་བའི་མཁལ་ཁུང་གཡས་པའི་ཐད་དུ་ས་དཀར་ཞིང་སྣུམ་པ་ད་ང། ཆུ་བོ་གཡས་སུ་འབབ་པ་སོགས་བཀྲ་ཤིས་དང་དགེ་མཚན་དུ་མ་དང་ལྡན་པར་གཟིགས་ཏེ། དེར་དགོན་པ་ཞིག་འདེབས་པར་དགོངས་ནས་ས་ཆ་སྤྱིའི་བདག་པོ་ཇོ་བོ་གདོང་ནག་པ་ལ་གནང་བ་ཞུས། སྒོས་ཀྱི་བདག་པོ་ཞང་ཞུང་གུ་ར་བ་དང་། བནྡེ་གྲོང་བཞི། ལྷ་མི་གྲོང་བདུན་ཟེར་བ་དེ་རྣམས་ལ། རྟ་རྒོད་མ་དཀར་མོ་གཅིག་དང་། ནོར་བུའི་ཕྲེང་བ། མོ་གོས་གཅིག་སོགས་གནས་ནས་ས་དེ་ཉོས། དགུང་ལོ་སོ་དགུ་པར་སྤྱི་ལོ་༡༠༧༣ ས་སྐྱའི་དགོན་པ་བཏབ། དེ་ནས་བཟུང་འཆད་ཉན་གྱིས་དུས་འདའ་བར་མཛད། ཁོང་ནི་འཁོན་ས་སྐྱ་པ་ཞེས་གྲགས་པའི་ཐོག་མ་སྟེ་ས་སྐྱའི་བསྟན་པའི་མེས་པོ་ཡིན། །
༡ དཔལ་ལྡན་ས་སྐྱ་པའི་དགོན་པ་ཐོག་མའི་མཚན། ས་སྐྱ་གོག་པོར།
གནས། བྲ་པོ་ལུང་པར།
ཕྱག་འདེབས་པོ། འཁོན་དཀོན་མཆོག་རྒྱལ་པོ།
འདེབས་ལོ། སྤྱི་ལོ ༡༠༦༨ ནས ་༡༠༧༠ ཡས་མས་ཕྱག་བཏབ།
༢ དཔལ་ས་སྐྱ་པའི་དགོན་པ་གཉིས་པའི་མཚན།
ས་སྐྱ་དགོན།
མཚན་རྒྱས་པ། འཛམ་གླིང་བྱང་ཕྱོགས་ཐུབ་པའི་རྒྱལ་ཚབ་དཔལ་ས་སྐྱའམ་གངས་ལྗོངས་རྡོ་རྗེ་གདན་དཔལ་ས་སྐྱ་པ། ས་སྐྱའི་གཙུག་ལག་ཁང་།
གཞན་ཡང་། ཏུང་ཧོར་གཉིས་པ་ཞེས་གྲགས།
གནས། དབོན་པོ་རིའི་འདབས།
ཕྱག་འདེབས་པོ། འཁོན་དཀོན་མཆོནལག་རྒྱལ་པོ།
འདེབས་ལོ། རབ་བྱུང་དང་པོའི་ཆུ་གླང་སྤྱི་ལོ་ ༡༠༧༣ ལོར་ཕྱག་བཏབ
Leave a Reply