འཁོར་བའི་རི་གྲོང་ནས་ངལ་དུབ་ཀྱི་མགུར་བཞེས་པ།

འཇོ་མདའ་པདྨ། ཆབ་མདོ།

འདྲ་མིན་ཡོ་ལང་འཁྲུགས་པའི་འཇིག་རྟེན་གྱི་ཡུལ་ནས།།
མཚར་མཚར་སྣང་བའི་རི་མོ་དཀར་དམར་ལ་གཡེང་སྟེ།།
ཚོགས་དྲུག་རྣམ་ཤེས་བུང་བ་གཞན་དབང་དུ་གྱུར་པས།།
རྣམ་དཀར་དགེ་བའི་ལས་ལ་འབད་ཁོམ་རང་མ་བྱུང་།།

དཀོར་ནག་ཁྲོ་ཆུ་འཐུང་བའི་རྔམ་ཁ་དེ་རྒོད་ཅིང་།།
རང་གཞན་དགྲ་གཉེན་འཐབ་པའི་རི་ཁུད་དུ་ཚུད་པས།།
ཐུགས་བསྐྱེད་རྩ་བྲལ་སོང་བའི་གྲོང་ཆོག་གི་ལམ་ནས།།
རྣལ་འབྱོར་ཞི་བའི་བྱ་སྤྱོད་རང་སྟེང་དུ་མ་ལོན།།

ཟག་བཅས་ལུས་ཀྱི་ཕུང་པོ་བདེ་བདེ་རུ་འདུག་ཀྱང་།།
སེམས་ཉིད་ཀུན་གཞིའི་རྩ་བ་ཉོན་མོངས་ཀྱིས་མནར་བས།།
ལན་གཅིག་མི་ཡུལ་འགྲིམ་པའི་དུས་ཚིགས་ཀྱི་བར་ནས།།
ལྷོད་ལྷོད་བག་ཕེབས་འཚོ་བ་རོལ་རྒྱུ་ཞིག་མ་བྱུང་།།

འདི་སྣང་འཁོར་བའི་ཆོས་ལ་སྙིང་པོ་ནི་མེད་པ།།
སྒོར་སྒོར་ཁྲ་ཆུང་མིག་གིས་མངོན་སུམ་དུ་མཐོང་ཡང་།།
ད་དུང་རྟག་འཛིན་སེམས་ཀྱི་རི་དྭགས་དེ་མ་ཐུལ།།
སྒྱུ་མའི་རྩྭ་ཆུར་རོལ་བཞིན་ཇེ་བཙན་དུ་ཆགས་སོང་།།

དོན་དམ་རང་འདོད་ལས་ཀྱི་བྱ་གཞག་ལ་ཆགས་ཏེ།།
སྣེ་གཅིག་བྱ་བར་འཇུས་ཀྱང་སྡིག་ལས་སུ་སོང་བས།།
ཚུལ་འཆོས་ཀུན་རྫོབ་ཟློས་གར་སྣ་ཚོགས་ཀྱི་འོག་ནས།།
ནང་སེམས་རྫུ་བག་འཕྲུལ་འཁོར་དལ་དུས་ཤིག་མི་འདུག།

དུས་རབས་དུས་ཀྱི་དཀྱོག་མཚམས་འདི་ག་རུ་ཐོན་དུས།།
སྒོམ་དཀྱེལ་བློ་ཡི་བརྟན་པ་མཁའ་དབྱིངས་སུ་ཡལ་སོང་།།
མཐོང་སྣང་འཕྲལ་རྐྱེན་སྟོང་གི་གཡས་གཡོན་དུ་ལྡིང་བའི།།
འཁྱམས་པོའི་མི་ཚེའི་ཤོག་དཀར་ཤིན་ཏུ་ནས་ཡང་བ།།

བཅའ་ཁྲིམས་ལྗོན་པའི་ལོ་འདབ་ལྷཊ་རླུང་གིས་ཁུར་ཏེ།།
ངེས་དོན་སེམས་ཀྱི་དཔའ་གདེང་ཇེ་གཉོམ་དུ་སོང་ཡང་།།
མ་ཡིན་ཡིན་པའི་ཟོལ་གྱིས་ཐེར་ཤམ་དེ་གྱོན་པའི།།
ཆོ་མེད་བཙུན་པའི་གཟུགས་གྲུབ་ཁེར་ཉུལ་ང་སྐྱོ་བ།།

ཚེ་རབས་ཚེ་སྔོན་ལས་འཕྲོའི་མདུད་པ་ཡི་རྐྱེན་པས།།
ཚེ་འདིར་རྣམ་གཡེང་བུ་མོའི་བྲང་གཞུང་ལ་ཆཊ་སོང་།།
ཚེ་ལ་བར་ཆད་མ་བྱུང་ཡུན་རིང་དུ་གནས་ཀྱང་།།
ཚེ་འདིའི་སྐྱོ་བའི་མུན་པ་དྭངས་སྐབས་ཤིག་མེད་འདྲ།།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*