གཉུག་སེམས་ཀྱི་འཆར་སྣང་།

དབྱངས་ལྡེའུ། བྲག་གཡབ།

མ་བཅོས་གཉུག་སེམས་ཟླ་བའི་ལང་ཚོ་སྟེ། །
དགའ་སྡུག་ཚོར་བའི་འཕེལ་འགྲིབ་རེས་ཉིད་ཅིང་། །
ཁེར་བཞུར་གཙང་པོའི་འགྲམ་གྱི་མེ་ཏོག་བཞིན། །
སྣང་བའི་དུས་བཞི་སྐྱེལ་བསུ་ལན་མང་བྱས། །

ཚོར་བའི་གླུ་སྒྲ་རེ་རེ་རི་སུལ་ནས། །
ལྷོ་བཞུད་སྤྲིན་དང་བྱ་ཁྱུ་ལ་གྱེར་དུས། །
སོར་མོའི་འཕྲུལ་འཁོར་བསྒུལ་ཤུལ་ཚིག་གི་མཁར། །
ངལ་མེད་སྣང་བའི་གྲོང་དུ་བཞེངས་ནས་ཐལ། །

སྨྲ་སྒོའི་གཞུ་མོའི་བར་ནས་ཚིག་གི་མདའ། །
མྱི་སེམས་མེ་ལོང་ལྟོངས་སུ་འཕངས་བའི་ཤུལ། །
ཚོར་བའི་རི་མོ་མག་མོག་རབ་རིབ་ཏུ། །
ཤ་རུས་སྤགས་པའི་གསེང་དུ་བསུབ་མེད་གནས། །

རྙིང་ཧྲུལ་མེ་ཏོག་ཚོམ་བུའི་འདབ་མ་ལ། །
རླུང་བུས་དལ་གྱིས་ཉུག་པའི་རྒོང་ཀ་དེར། །
བཅུད་ལྡན་ཟེའུ་འབྲུ་རེ་ཡི་རྣམ་ཤེས་ཕྲ། །
ས་རྡུལ་སྙིམ་པ་གང་དབུས་འབྱར་ནས་ངུས། །

མདང་གི་རྨི་ལམ་གྲོང་པའི་སྡེ་མཐའ་ནས། །
ཡིད་ཀྱི་གཡུ་ཆུང་དྲུག་དཀར་སླར་རྙེད་པས། །
ཡིག་འབྲུའི་ཕུང་པོ་སྤུངས་པའི་ཤོག་བྱ་དག །
ལས་ཀྱི་ནམ་མཁའི་ངོས་སུ་འཕུར་ལྡིང་རྩེན། །

ལོ་ཟླའི་མག་མོག་ཀློང་ནས་ལང་ཚོ་ཡལ། །
སྟོན་ཀའི་ལྷཊ་རླུང་སྤུ་གྲི་གདོང་པས་བསུས། །
ནམ་ཟླ་སྟོན་གྱི་མཇུག་མའི་པང་ཐོག་ཏུ། །
སེམས་པའི་བུ་ལོས་ངུ་མོ་ཡང་ཡང་བྱས། །

ཟླ་བ་ཁེར་བཞུད་རེ་ལ་མིག་ཟུང་གིས། །
སྐྱེལ་བསུ་རེས་མོ་རྒྱུ་བའི་རི་གྲོང་ནས། །
མཐུར་མེད་དྲན་གདུང་ཆུས་མནར་རྟ་ཕོ་ནི། །
རིང་བའི་རི་ཀླུང་ཐང་དུ་བང་ཁ་ཉུལ། །

ཁ་བའི་རྡུལ་གྱིས་བརྩེཊ་པའི་གངས་འདབས་ནས། །
གཉུག་མའི་མེ་ཏོག་སྙིམ་གང་རུམ་བཅུག་སྟེ། །
འགོག་མེད་ལོ་ཟླ་བཞུར་བའི་གཙང་པོའི་ངོར། །
ཡུན་འདྲིས་ཞལ་ཁྱིམ་གཅིག་གི་འཛུམ་རིས་བྲིས། །

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*