ཟླ་བའི་སྲིང་མོ།

རྡུལ་དཀར་པོ། དཀར་མཛེས།

སྙན་ངག་རྒྱ་མཚོའི་དཀྱིལ་ལ། །
གསར་སྐྱེས་འཛུམ་པའི་ལང་ཚོ། །
མཚོ་བྱང་ཚངས་པའི་བུ་མོ། །
དབྱངས་ཅན་མ་དེ་འཚོལ་ཨང་། །

སྤྲིན་དཀར་ཆུ་འཛིན་ཕོན་པོའི། །
ཀུན་གསལ་བུ་མོའི་ངོགས་སུ། །
དབྱངས་ཀྱི་ཆར་བ་ཕབ་དུས། །
ཟླ་བའི་སྲིང་མོར་འདྲ་བྱུང་། །

ཟླ་བའི་འཛུམ་དཀར་བཞད་དུས། །
དབྱངས་ཅན་ལྷ་མོའི་ཞལ་བཞིན། །
བརྩེ་བའི་ཕ་རོལ་བརྒལ་ནས། །
ལུས་ལ་བསིལ་དྲོད་སྣུན་བྱུང་། །

མེ་ཏོག་སྣ་བརྒྱའི་ཐང་གི །
མཛེས་པ་ཨུཏྤལ་འདབ་མ། །
དངོས་སུ་མཐོང་བ་མེད་ཀྱང་། །
དྲི་ཞིམ་སྣ་ལ་འཁོར་ཡོང་། །

རྒྱང་རིང་ཡུལ་དུ་མ་བཞུགས། །
སེམས་ཉིད་ངོ་བོར་གནས་པའི། །
རྡོ་རྗེ་དབྱངས་ཀྱི་དབང་ཕྱུག །
མ་བཅོས་འཛུམ་ལེར་ཤར་ཡོང་། །

དྲན་པའི་ཁྱོ་བོ་འཚོལ་བའི། །
བརྟག་གཡོའི་སྒྲ་སྐད་སྙན་པ། །
ཚངས་པའི་ལོ་མང་སྒུག་པའི། །
མཚོ་བྱུང་སྨྲ་བའི་ལྷ་མོ། །

རྒྱ་གར་སེར་སྐྱའི་གྲོང་གི །
ཤཀྱཱའི་གཞོན་ནུ་ཆུང་ཆུང་། །
དབྱངས་ཅན་ལྷ་མོའི་ཞལ་ལ། །
སྤྱན་གྱིས་གཟིགས་མྱོང་ཡོད་དམ། །

དམར་སེར་ལི་ཁྲིའི་བརྒྱན་པའི། །
འཇམ་དབྱངས་གསེར་གྱི་ཉི་མའི། །
ཐུགས་དབུས་ཟླ་བའི་གདན་སྟེང་། །
དབྱངས་ཅན་གར་ལ་རྩེན་པ། །

སྙིང་ཁ་གུར་གྱི་གྲོང་དུ། །
ལྷ་མོ་བརྒྱ་བཞུགས་སྟོང་བཞུགས། །
ཡིད་འོང་མཚོ་བྱུང་མར་ཁུའི། །
དྲན་པའི་སྒོ་མོ་གདན་བྱུང་། །

དུས་ཀྱི་འཕོ་འགྱུར་ཐང་གི །
སྣང་བ་བསླུ་སྒྲིག་རི་མོ། །
སྨྱུག་གུས་རྩེ་ལ་ཐོགས་ན། །
སྙན་ཚིག་གང་ལ་ཕུལ་འདོད། །

དབྱངས་ཅན་མི་ཡི་མ་མ། །
སྙན་ངག་ལྷ་ཡི་སྲས་མོ། །
མཛེས་སྡུག་གླུ་ཡི་སྒྲོལ་མ། །
ཚངས་སྲས་མུན་པའི་སྒྲོན་མེ། །

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*