དད་གསུམ་དབྱངས་ཀྱི་གྲེ་འགྱུར།

རྐང་གཉིས་འགྲོ་བའི་སྐྱབས་གནས་འཇམ་མགོན་མི་ཡི་རྣམ་རོལ་ཆོས་རྗེ་ས་སྐྱ་པཎྜི་ཏ་
ཀུན་དགའ་རྒྱལ་མཚན་ལ་བསྟོད་པ་དད་གསུམ་དབྱངས་ཀྱི་གྲེ་འགྱུར།

                                                                   རྩོམ་པ་པོ། ཟླ་གསལ། ཡུལ་ཤུལ།


བདེན་མེད་སྣང་བ་འཁྲུལ་བའི་འཇིག་རྟེན་གྱི་གྲོང་ནས།།
ཁམས་གསུམ་སྐྱེ་འགྲོ་ཡོད་ཚད་ལས་དབང་ལ་བྲེལ་དུས།།
བཅོས་མིན་རང་ཚུགས་བརྟན་པའི་རྒྱལ་ཁམས་ཀྱི་དབང་པོ།།
འདྲེན་མཆོག་ས་སྐྱ་པ་དེ་སྙིང་དབུས་ནས་དྲན་སོང་།།

མིང་ཆེན་དབང་སྒྱུར་ཕལ་ཆེར་ཐོབ་དབང་དང་གོ་སར།།
དབྱེར་མེད་ཉིན་མཚན་ཀུན་ཏུ་རྩོད་ལན་ལ་བྲེལ་དུས།།
དམ་པའི་རྣམ་ཐར་འཛིན་པའི་ཚུལ་དགུ་དེ་ལྡན་པའི།།
ངེས་དོན་སྡོམ་བརྩོན་དམ་པ་བླ་མ་ཁྱེད་དྲན་སོང་།།

གཞུང་ལུགས་ཆོས་རིགས་ཕྲིན་ལས་གདུང་སྔོན་དུ་སྒྲེང་ཞིང་།།
ལོག་སྨྲའི་ལྟ་ངན་རྒོལ་བ་ཚང་ཚིང་བཞིན་སྲེག་པའི།།
རྣམ་དཔྱོད་བློ་གྲོས་འབར་བའི་ངེས་དོན་གྱི་མཁས་དབང་།།
འཇམ་མགོན་བླ་མ་ཆེན་པོ་སྙིང་དབུས་ནས་དྲན་སོང་།།

ཆོས་མིན་ཆོས་ལོག་ལྟ་བས་བཙན་དབང་དུ་འཛིན་ནས།།
ཆོས་ཚུལ་ཡང་དག་ལྟ་བ་སུན་འབྱིན་ལ་རྒོལ་དུས།།
ཆོས་དང་ཆོས་མིན་དབྱེ་བ་ཇི་བཞིན་དུ་མཛད་པའི།།
བསྟན་བཅོས་སྡོམ་གསུམ་རབ་དབྱེ་གཅིག་པུ་ལས་མ་མཐོང་།།

དངོས་སྟོབས་རིག་ལམ་དྲང་པོས་རྒྱལ་ཁམས་ལ་སྐོར་དུས།།
རྒྱ་བོད་མཁས་རློམ་ཕལ་ཆེར་ཚད་རིག་ལ་ཞེན་ནས།།
དེ་དག་བརྗོད་བྱ་བསྡུས་པའི་བསྟན་བཅོས་རྣམས་མང་ཡང་།།
དོན་མིན་སོ་སོར་འབྱེད་པའི་རིགས་གཏེར་གྱི་བསྟན་བཅོས།།

འཇིག་རྟེན་ལུགས་བཟང་དོར་ནས་ལུགས་མིན་གྱི་དོན་ལ།།
ཅིས་ཀྱང་གཅེས་པར་འཛིན་པའི་སྙིགས་མ་ཡི་དུས་དེར།།
ཚུལ་མིན་སོ་སོར་འབྱེད་པའི་ལེགས་བཤད་ཀྱི་གཏེར་ཆེན།།
དགོས་པའི་དོན་ཀུན་གཟིགས་པའི་ཡེ་ཤེས་ལས་འཁྲུངས་པ།།

བཟོ་སོགས་གནས་ཆེན་ལྔ་ལ་དག་ཐེར་གྱིས་འཛིན་ཞིང་།།
སྒྲ་སོགས་རིག་ཆུང་ལྔ་ཡང་རྣམ་དག་གིས་སྐྱོང་བས།།
གངས་ལྗོངས་བཅུ་ཕྲག་རིག་པའི་སྲོལ་འབྱེད་ཀྱི་བདག་པོ།།
རྗེ་བཙུན་ས་སྐྱ་པ་དེ་ཡོན་ཏན་གྱི་མངའ་བདག །

རྨད་བྱུང་ངོ་མཚར་འབར་བའི་ལོ་རྒྱུས་ཀྱི་བདེན་དཔང་།།
བཟོ་བཀོད་འགར་ལས་བྱས་པའི་འཇམ་དབྱངས་ཀྱི་འདྲ་སྐུ།།
ཐུན་མིན་གཞན་སྣང་སྐུ་ལས་ཁྱད་པར་དུ་འཕགས་པ།།
བྱང་ཕྱོགས་ཕོ་བྲང་ནང་དུ་ལྷན་ནེ་རུ་བཞུགས་ཡོད།།

འཇིགས་ཡུལ་གོ་བདེན་རྒྱལ་པོའི་མངའ་ཐང་གི་སྟོབས་ལས།།
འགྲན་ཟླ་ཡུལ་ཁམས་གཞན་གྱི་སྟོབས་རྩལ་རྣམས་བཅོམ་ནས།།
རྒྱས་སྤྲོས་འཚོ་བར་སྤྱོད་པའི་ལང་ཚོ་ཡིས་ཟིན་ཀྱང་།།
གཟེར་ནད་ཀླུ་རིགས་གནོད་པས་ནད་དུག་གིས་ཁྱབ་དུས།།

མཐའ་བཞི་རྒྱལ་ཁམས་འདི་ལས་སྨན་པ་དང་བླ་མ།།
གང་གྲགས་གདན་འདྲེན་འོས་པའི་རླབས་ཆེན་གྱི་མགྲོན་པོས།།
སྨན་སོགས་ཆོ་ག་དག་གིས་ནད་ངན་ལ་རྒོལ་ཡང་།།
ཅི་མེད་རེ་ལྟོས་བྲལ་བའི་ངང་ཚུལ་ལས་མ་བྱུང་།།

ཐབས་ཤེས་ཡོན་ཏན་ཀུན་ལྡན་ཕྲིན་ལས་ཀྱི་བདག་པོ།།
བླ་མེད་འདྲེན་པ་ཀུན་འདུས་འཇམ་མགོན་གྱི་བླ་མས།།
ཕྱི་ནང་གསང་བ་རིག་པའི་ནུས་མཐུ་ལ་བརྟེན་ནས།།
རྒྱལ་པོའི་ནད་ངན་འཇོམས་པའི་རྣམ་ཐར་འདི་མཚར་རོ།།

འཕགས་ཡུལ་པན་གྲུབ་དག་གིས་ཡེ་ཤེས་ལས་འཁྲུངས་པའི།།
དབུ་ཚད་རྒྱ་གཞུང་མང་པོ་མིག་ལམ་དུ་གནས་དུས།།
བྱང་ཕྱོགས་བྷོ་ཏའི་ལྗོངས་འདིའི་ལས་དབང་ལ་བསམ་ནས།།
རྒྱ་གཞུང་བོད་སྒྱུར་བྱས་པའི་ལོ་ཙྭ་བ་མཁྱེན་ནོ།།

རྒྱ་བོད་མཁས་པ་མང་པོའི་ཚད་གཞུང་གི་ནང་དུ།།
སྤྱི་དངོས་གཞི་མཐུན་སྨྲ་བའི་ལོག་གཏམ་ལ་རྒོལ་ནས།།
ཕྱོགས་གླང་ཡབ་སྲས་གཉིས་ཀྱི་སྙིང་བཅུད་ཀྱི་དགོང་པ།།
བསྟན་བཅོས་རིགས་པའི་གཏེར་ལས་ཇི་བཞིན་དུ་གསལ་ལོ།།

ཟུང་འཇུག་ལྷན་སྐྱེས་བློ་ཡིས་འཁོས་འདས་ཀྱི་དངོས་པོ།།
ཀུན་བྱང་ཆོས་ཀུན་སྣང་བ་བདེན་མེད་དུ་རྟོགས་ནས།།
ནང་རིག་དོན་དག་སྟོན་པའི་རྣག་དག་གི་ཚད་མ།།
དཔྱད་གསུམ་རྣམ་པར་དག་པའི་ལུང་ཚིག་དེ་བདེན་ནོ།།

སྙན་ངག་ཚིག་སྦྱོར་སྡེབ་པའི་ངག་རིག་གི་སྒྱུ་རྩལ།།
ཚོར་བ་བག་ཕེབས་འདྲེན་པའི་ཐབས་ཤེས་ལ་བརྟེན་ནས།།
མི་སེམས་སྣང་བ་འགུལ་བའི་གབ་ཚིག་དེ་ཐོས་དུས།།
སེམས་ཀྱི་ཚོར་བ་རྗེན་མ་དབང་མེད་དུ་ཤོར་སོང་།།

མིང་རྐྱང་གཞན་ལ་ཐོག་པའི་སྒྱུ་རྩལ་གྱི་ལམ་བུ།།
མངོན་བརྗོད་མིང་ཚིག་སྡེབ་པའི་སྦྱོར་བ་ལ་མཁས་ནས།།
རྩོམ་ལུས་རིན་ཐང་ཅན་གྱིས་ངོ་བོ་དེ་གཞལ་དུས།།
རྩོད་མེད་མཁས་པ་ཀུན་གྱིས་བསྟོད་པ་འདྲེན་ཡོང་།།

མིང་ཚིག་སྙན་དུ་སྦྱོར་བའི་སྡེབ་སྦྱོར་ལ་མཁས་ནས།།
ལུགས་གཉིས་བླང་དོར་སྟོན་པའི་བསྟན་བཅོས་དག་མཇལ་དུས།།
རབ་མཁས་དམ་པ་ཞིག་གི་རྣམ་ཐར་དེ་དྲན་པས།།
དགའ་དད་ཚོར་བ་འདྲེས་མའི་སྣང་བ་ཞིག་ཤར་སོང་།།

ལུས་ངག་སྒྱུ་རྩལ་མཁས་པའི་མིག་ལམ་གྱི་ཆོ་འཕྲུལ།།
དེང་དུས་ཟློས་གར་མཁན་པོའི་སྒྱུ་རྩལ་ལས་མཐོ་བའི།།
རྨད་བྱུང་ངོ་མཚར་ཅན་གྱི་ཟློས་གར་གྱི་རྣམ་འགྱུར།།
གསལ་མཛད་རོལ་མོའི་བསྟན་བཅོས་ངོ་མཚར་དུ་ཆེ་འོ།།

མཁའ་ལམ་གཟའ་སྐར་རྒྱུ་བའི་དུས་སྦྱོར་གྱི་མན་ངག །
ཕྱི་ནང་ཚན་རྩལ་རིག་པའི་དཔྱོད་ཤེས་ལས་མྱུར་བའི།།
གྲངས་རིག་སྐར་རྩིས་འགྲོས་ཀྱི་ཐུན་མིན་གྱི་རིག་པ།།
རབ་མཁས་བློ་གྲོས་ཡོངས་པའི་མཁྱེན་རྒྱ་དེ་ཆེ་སོང་།།

བཅུ་ཕྲག་རིག་པའི་གནས་ཀུན་གསལ་བ་རུ་མཁྱེན་ནས།།
གངས་ཅན་རིག་གསར་པ་ལ་ལེགས་སྐྱེས་ཀྱི་ཚབ་ཏུ།།
གནས་རིག་བཅུ་ཕྲག་རྫོགས་པའི་སྲོལ་འབྱེད་དུ་ཕེབས་པས།།
གངས་ཅན་གནས་བཅུའི་སྲོལ་འབྱེད་བླ་མ་ཁྱེད་མཁྱེན་ནོ།།

མཁས་པ་རྒྱུ་སྐར་གྲངས་ལས་མངོན་པར་དུ་མཐོ་བའི།།
ཕྱི་ནང་ཤེས་བྱ་ཀུན་ཤེས་རྣམ་དཔྱོད་དང་ལྡན་པས།།
དགག་སྒྲུབ་རྩོད་པར་འགྲན་ལ་ཞུམས་མེད་ཀྱི་སྤོབས་པ།།
ལེགས་འཁྲུངས་ཟླ་མེད་དབང་པོ་མངོན་པར་དུ་རྒྱལ་ལོ།།

དེ་བས་མཁས་པ་ཀུན་ལས་ཐུན་མིན་གྱི་ཁྱད་ཆོས།།
འགྲན་མེད་རྣམ་དཔྱོད་བློ་ཡིས་བདག་རྐྱེན་ལ་རྟེན་ནས།།
ཟིལ་གནོན་གནམ་ལྕཊ་ཐོག་མདའ་ང་བརྒྱད་མའི་བསྟན་བཅོས།།
གཟུར་གནས་མཁས་པའི་མདུན་དུ་ངོམས་མེད་དུ་བརྩམས་སོ།།

དོན་དམ་ངོ་བོ་གྲུབ་པར་འཇམ་དབྱངས་ཀྱི་སྐུ་སྟེ།།
རྣམ་པར་མི་གཟུཊ་སྤྲུལ་བས་སྣང་ཚུལ་ལ་བདེན་ནས།།
ཚད་མེད་སྐུ་ཞུས་འདེབས་པའི་ཉེས་བསཊ་གི་དབང་གིས།།
རྟགས་མཚན་ངན་སྐྱུགས་དུ་མས་སྐུ་ངལ་རང་སྐྱོན་ཟིག །

དཔེ་མཚོན་བདེན་པར་སྤྲོད་པའི་དཔེར་བརྗོད་ཞིག་འགོད་ན།།
ཕྱྭ་བའི་སློབ་ཆེན་ཁྲོད་ནས་མཚན་སྙན་དུ་འབར་བའི།།
རིག་པའི་སེང་ཆེན་བརྒྱད་ཀྱི་ཡར་གྱལ་དུ་གྲགས་པའི།།
གཙང་ནག་བརྩོན་འགྲུས་སེང་གེར་བདེན་པ་དེ་འཕྲོད་འདུག །

དང་པོར་བསྟན་བཅོས་བཅས་དང་མི་གཞི་ལ་སྨད་པས།།
རིགས་བདག་འཇམ་དབྱངས་ལྷ་དེས་ཞལ་གཟིགས་དེ་ཆད་དུས།།
དོག་པའི་ཐེ་ཚོམ་དྲྭ་བས་སེམས་རྒྱུད་ལ་ཁྱབ་ཅིང་།།
ཐུཊ་ཡིད་སྐྱོ་སྣང་ཚོར་བས་སྡུག་བསྔལ་དེ་འདྲེན་འདུག །

བར་དུ་བརྟག་དཔྱད་བྱས་ཏེ་རྒྱུ་མཚན་ལ་དཔྱད་དུས།།
མགོན་པོ་འཇམ་དཔལ་དབྱངས་གྱི་སྐུ་རྒྱབ་དེ་སྟོན་ནས།།
ང་དང་ང་ཡི་བསྟན་བཅོས་སྡོམ་གསུམ་ལ་སྨད་པས།།
མགོན་མིན་རྒྱུ་མཚན་བཅས་པའི་ཞལ་གསུང་དེ་གནང་འདུག །

མཐའ་མ་བྱས་གང་ལས་ལ་འགྱོད་པ་ཞིག་སྐྱེས་ནས།།
བཤགས་སྦྱོང་མགོན་དེའི་སྐུ་བཞེངས་ཚོཊ་བསཊ་ལ་འབད་ཅིང་།།
སྐུ་ལ་རབ་གནས་མཛད་པའི་བླ་མ་ལ་བསམ་ན།།
ཆོས་རྗེ་གདན་འདྲེན་ཞུ་པའི་རྣམ་ཐར་དག་འདུག་གོ །

སྟོབས་ཆེན་ཧོར་སོགས་རྒྱལ་ཁབ་ཆོས་དབང་དུ་བསྡུས་ནས།།
བྷོ་ཊའི་ཆོས་སྲིད་དབུལ་འཕངས་དགུང་སྔོན་དུ་བསྒྲེང་དུས།།
རླབས་ཆེན་མཚན་དཔེའི་གཟི་བརྗིད་འཛམ་གླིང་ལ་ཁྱབ་པས།།
གཞུང་དྲང་དམ་པ་ཞིག་གི་ཁྱད་ཆོས་ཀུན་ལྡན་ནོ།།

རྒྱལ་བསྟན་སྙིང་པོར་གཅེས་པའི་རྟགས་མཚན་དུ་བཟང་བས།།
མུ་སྟེགས་རྒོལ་ངན་སྡེ་དྲུག་རིགས་ལམ་གྱི་སྟོབས་ཀྱིས།།
རྩོད་པས་རྒོལ་བ་འབྱིན་པའི་ནུས་མཐུ་ལ་བརྟེན་ནས།།
སྙན་གྲགས་བ་དན་དཀར་པོ་གངས་ཅན་ནས་ཁྱབ་བོ།།

སྐྱེ་རབས་མཁས་མང་ཕྲེང་བའི་བྱིན་རླབས་ལ་བརྟེན་ནས།།
ཚེ་འདིར་སྐྱེ་བར་བཞེད་པའི་ལུས་བཟང་གི་རྟེན་ལ།།
སྔོན་བརྩོན་ཐོས་པ་གཞལ་བའི་བག་ཆགས་དེ་སད་ནས།།
ཆུང་དུས་བྱིས་པར་རྩེ་སྐབས་མཁས་རྟགས་འགའ་བྱུང་སོང་།།

བླུན་པོས་མཁས་མཛངས་དམ་པའི་ཁྱད་ཆོས་དེ་བོར་ཡང་།།
མཁས་པས་མཁས་པ་འགུལ་བའི་ལེགས་བཤད་ལ་དད་ནས།།
མཁས་བླུན་རྟགས་མཚན་བཟང་ངན་བྱ་བ་ཡིས་མཚོན་པས།།
རྣམ་དག་མཁས་པ་དགའ་བའི་ཁྱད་ཆོས་ཀུན་འཛོམས་སོང་།།

མཁས་པས་ལྷ་རྣམས་དགའ་བའི་མཛད་རྗེས་ལ་བརྩོན་ཞིང་།།
བླུན་པོས་མི་རྣམས་འགུལ་བའི་བྱ་སྤྱོད་ལ་འབད་དུས།།
མཁས་བླུན་ཁྱད་ཆོས་དབྱེ་བའི་ལས་སྐལ་གྱི་ཁྲོད་ནས།།
མཁས་པའི་བྱ་བས་མཚོན་པའི་དམ་པ་ཁྱེད་མཁས་སོང་།།

མཁས་རློམ་ཐོས་པའི་བྱ་བས་ཕྱི་ཡུལ་ནས་རྒྱན་ཞིང་།།
མཁས་མཛངས་སྒོམ་པའི་ལྟ་བས་ནང་དོན་ལ་མཛེས་དུས།།
མཁས་མང་རྒྱུ་སྐར་གྲངས་བཞིན་གང་མང་ཞིག་བརྡོལ་སྐབས།།
རབ་མཁས་མཁས་པ་ཁྱེད་ནི་མཁས་པ་ཡི་མཁས་པ།།

ཡོད་ཚད་ཁྱབ་མཉམ་མིན་པའི་འཇིག་རྟེན་གྱི་གཤིས་ལས།།
བླུན་པོས་རྗེས་དད་འབྲང་བའི་དུས་རབས་ཀྱི་སྐབས་དེར།།
མཁས་པའི་རང་ཚུགས་ཐུབ་པའི་དམ་པ་ཞིག་བྱོན་པ།།
འགྲན་བྲལ་ས་སྐྱ་པ་ཞེས་མཚན་སྙན་གྱིས་ཁྱབ་སོང་།།

བླུན་རྣམས་བླུན་པོའི་ཁྲོད་ནས་གོ་རིམ་ཞིག་ཡོད་ཀྱང་།།
མཁས་རྣམས་མཁས་པའི་ཁྲོད་ནས་ལྷག་པར་དུ་མཛེས་པས།།
དོན་དངོས་མཁས་བླུན་དབྱེ་བ་མཁས་པ་ལ་ཤར་བས།།
ཁྱེད་ནི་མཁས་པས་གདམས་པའི་མཁས་པ་དེ་དངོས་སོ།།

གཞན་དག་ཐོས་པས་ཚིམས་ནས་ཁེངས་དྲེགས་ཀྱི་བཀང་ཞིང་།།
འགའ་ཞིག་བསམ་པ་རྐྱང་པས་དོན་ཆེན་དུ་རློམ་དུས།།
ཁྱེད་ཉིད་ཐོས་བསམ་སྒོམ་གསུམ་ཁྱབ་མཉམ་དུ་གནས་པས།།
མཁས་པར་དངོས་ཉིད་མཚོན་པའི་བྱ་བ་ཡིས་གང་འདུག །

དང་པོར་སྒོམ་པར་བྱེད་པའི་ཉམས་ལེན་མཁན་གཅིག་དང་།།
ཐོས་ཙམ་བསམ་པར་འདོད་པའི་དཔྱད་ཞིབ་པ་འགའ་ཡིས།།
བཀའ་བསྟན་སྙིང་པོ་ལེན་པའི་རེ་བ་ལ་འཆིང་ཡང་།།
ཕྱི་ཡི་སྐྱ་རིས་ཙམ་ལས་དོན་དངོས་ལ་མེད་དོ།།

ཁྱེད་ཉིད་ཐོས་པ་དངོས་ཀྱིས་བསམ་པ་དེ་འདྲེན་ནས།།
བསམ་པས་སྒྲོ་འདོགས་ཆོད་པའི་དོན་དངོས་ལ་སྦྱོར་བའི།།
སྒོམ་བྱུང་ལྟ་བ་དེ་ཡིས་ཉམས་ལེན་ལ་སྨིན་ནས།།
མཁས་པའི་བྱ་བ་གསུམ་གྱིས་ཁྱེད་ཉིད་རང་མཛེས་སོང་།།

གཞན་དག་ཐེག་མཆོག་ལྟ་བ་རྟག་མཐའ་ལ་སྨྲ་ཞིང་།།
འགའ་ཞིག་མཐའ་ཐུག་ལྟ་བ་ཆད་མཐའ་ལ་འདོད་པ།།
གཉིས་སྟོང་དབུ་མ་ཆེན་པོའི་སྙིང་པོ་དེ་མིན་པས།།
ལུང་རིགས་དཔྱད་པ་དག་པས་སུན་དབྱིན་དུ་མཛད་དོ།།

ངེས་དོན་ལྟ་བ་མཐའ་ཐུག་སྤྲོས་བྲལ་ལ་འདོད་ཅིང་།།
སྤྱོད་པ་ཞི་བའི་ལམ་སྟོན་འཚེར་མེད་དུ་མཛད་པའི།།
ལྟ་སྤྱོད་དག་པ་གཉིས་ལྡན་རང་རྒྱུད་ལ་འབྱོར་བའི།།
སྡོམ་བརྩོན་བླ་མ་དངོས་དེ་རྒྱལ་སྲས་ཀྱི་སེམས་པ།།

Be the first to comment

Leave a Reply

Your email address will not be published.


*