གླིང་ཚང་དཀྱུས་མ།
རི་འདིའི་ཕར་ཕྱོཊ་ཕར་ཕྱོཊ། །
ཆུ་བོ་མར་འགྲོ་ཞིག་ལ། །
བྲིས་པའི་དམ་ཚིག་གཙང་མ། །
སྙིང་གྲོགས་ཕྱོགས་སུ་སྐུར་བ། །
ཞེས་པའི་ཤླཽཀ་འདི་བརྗོད་ནས་ཅུང་ཙམ་གླེང་བ་ནི། རང་གི་གཏམ་རྒྱུད་ནང་གི་ཁྱོད་ལ་དགའ་ཞེས་པའི་ཡིག་འབྲི་དག་སེམས་གཏམ་ཡིན་ཞེས་སྨྲ་སྒོ་ཕྱེས། མ་གཞི། ང་ལ་འཕྲིན་པ་ཁོ་ན་ལས་མེད། ནམ་རྒྱུན་འཕྲིན་ཐང་རེ་གཉིས་ཀྱི་ཡིད་ཚིམ་པར་བྱེད་དགོས། མཚན་སྨག་ཁྲོད་ངའི་སེམས་སུ་འགུལ་གྱིན་ཡོད་པར། རུས་པའི་མེ་ཏོག་ཅིག་ཡིན། མེ་ཏོག་མཐོང་མྱོང་མེད་པས། ང་ལ་འཁང་ར་མེད་པར་མཛོད། མེ་ཏོག་གི་མིང་ལ་མཚོ་ཟེར། མེ་ཏོག་དེ་ང་ཡི་རྨི་ལམ་ལ་ཧ་ཅང་དགའ། མཚན་མོ་རེ་རེར་ངའི་མེ་ཏོག་དེ་རྨི་བཤད་བྱས་ཡོད། དེ་བས་མེ་ཏོག་དེ་ང་ཡི་གཏམ་རྒྱུད་ནང་གི་མིང་ནས་ཡང་ཡང་བོས་ཡོད་ལ། ངས་མེ་ཏོག་གི་ཆེད་དུ་དཀའ་ལས་ཕྲན་ཙམ་ཡང་མྱངས་གིན་ཡོད། ང་མེ་ཏོག་དེ་ལ་ཧ་ཅང་དགའ། ང་མེ་ཏོག་ལ་དགའ་བ་མེ་ཏོག་གིས་མཐོང་དཀའ་ལ་རེག་དཀོན། ད་དུང་གོ་དཀའ་བའི་གཏམ་རྒྱུད་ཞིག་ཀྱང་རེད།
མེ་ཏོག་དྲན་པའི་སྔ་ནུབ་ཀྱི་དུས་ཚོད་རེ་རེར། ཕྱིས་སུ་ཧ་ཅང་གྲང་ངར་རྒོད་རུང་། ང་ལ་འཁྱགས་སྣང་སྐྱེས་མ་མྱོང་ལ། ང་མ་ཤི་བར་དུ་སྙིང་གི་འཕར་ལྡིང་ཡང་མི་འཇགས། དེ་ཅིའི་ཕྱིར་ཞེ་ན། ང་མེ་ཏོག་ལ་ཧ་ཅང་དགའ། ཡིད་ལ་སྒོམ་ན་དེ་བས་དྲོ། མེ་ཏོག་གིས་ང་ལ་བདེ་འཚམས་ཡིན་མིན་འདྲི་མ་མྱོང་ཏེ། ངས་ང་རང་རྒྱན་ལྡན་ལྟར་འཚོས་ཡོད་ཞེས་བཤད་འདོད། སེམས་ཁུར་ལྷག་མ་ཞིག་ཡོད་པ་ནི། ལོ་འདིར་ང་ཁྱོད་དང་རྒྱང་ཐག་བཀྱེད་སོང་བ་དེ་རེད། ངའི་ས་ཁུལ་རེ་རེར་ནས་སྙན་ངག་ཡིན་ཁུལ་གྱི་མང་པོ་ཞིག་བྲིས་ཡོད་ཏེ། སྐད་ཆའི་སྙིང་པོ་དང་སྒྱུ་རྩལ་གྱི་བདེན་དོན་སོགས་དོན་དུ་བཤད་ན་གཅིག་ལས་གཉིས་མི་འདུག དེ་དག་ཡོད་ཚད་ཁྱོད་གཅིག་པུ་གླེང་བ་རེད།
དགུན་གྱི་གྲང་རླུང་ནང་ནས། །
གླེང་རྒྱུ་མང་པོ་ཁྱོད་རེད། །
གོམ་གསུམ་གོམ་པའི་བར་གྱི། །
དྲན་རྒྱུ་མོད་པོ་ཁྱོད་རེད། །
ཡང་ཅིག་བཤད་ན། རྒྱུ་རྐྱེན་ཡོད་ཆེ་བས་ཡིན་ནམ། ཡང་ན་རྒྱུ་རྐྱེན་མེད་སོང་བ་ཡིན་ངའི་ཀྱང་མ་ཤེས་ཏེ། ས་མཐའི་འཁྲེང་སེམས་ཟེར་ན་ཧ་ཅང་ལྕི་མོ་ཞིག་རེད། ངས་མཚོ་ལགས་ཀྱིས་བྲིས་པའི་སྙན་ངག་ཅིག་ལ་རེ་སྒུག་བྱས་མྱོང་ལ་བྱེད་བཞིན་ཡོད། དོན་དུ་བཤད་ན་ངས་ཁྱེད་ཀྱི་སྙན་ངག་ལ་སྨོན་པ་འཆོར་འདོད་ཡོད། ཁྱེད་ཀྱི་སྙན་ངག་ལ་ཡི་རངས་ཞུ་འདོད་ཡོད། ད་དུང་ངས་སྐད་ཆ་གཅིག་བཤད་ན། མཚོ་ཁྱོད་ནི་ང་ཡི་སེམས་ཀྱི་སྲུང་མ་ཡིན་འདུག ཁྱོས་ང་སྲུང་ཞིང་བསྐྱབས་འོང་གིན་འདུག་ཏེ། ངས་ད་བར་ཁྱེད་ལ་ཞུ་མ་ཕོད། དྲང་མོར་བཤད་ན། ངས་ཁྱེད་རང་མཐོང་བ་ནས། འུ་གཉིས་གཅིག་རེད་འདོད་ཡོད་ཏེ། ངོ་མ་བཤད་ན་གཅིག་རྩ་བ་ནས་མ་རེད། ངོ་མས་མ་རེད།
ངས་བསམ་པར་ཡོད་ཚད་ནོར་འདུག སྐབས་དེར་རང་སྣང་ཆེ་སོང་འདུག ང་ལ་དབུས་ལམ་གྱི་སྐྱིད་སྡུག་མང་དྲག་པས། ངས་ཁྱོད་ལ་ཡག་བཤད་ལས་བཙོག་བཤད་བྱས་མ་མྱོང་། གཅིག་བྱས་ན་ཁྱོད་སེམས་བདེ་ཆད་ཙམ་ཡང་ཡིན། ངོ་མས་བཤད་ན། སྐབས་སུ་ང་ལ་ལམ་ནས་བཀྲེས་སྐམ་ཡོད། རྒྱང་རིང་དང་གྱེས་ཟིན་པས། སྒོར་མོ་ཟད། མར་ཟད། སྣུམ་ཟད། ཡོད་ཚད་སློང་མོ་བྱེད་ནས་འགྲོ་དགོས་ཀྱི་དུས་ཚོད་ཡང་ཡོད། རེད་ཏེ། ང་ལ་སྐྱོ་སྣང་རྩ་བ་ནས་མེད། རང་གིས་རང་ལ་ཕོ་བ་བཟོ་ནས། གཅིག་རག་ན་གཉིས་རག་ན་རེད་འདུག་ཀི
འོན་ཀྱང་། ཆེས་ཆེ་བའི་སྐྱོ་གདུང་ནི། ལོ་ངོ་བཞི་བཅུ་མ་བརྒལ་སྔོན། འུ་གཉིས་ཀར་རྒས་གཉེར་མ་དོད་གོང་། ངས་ཁྱོད་ལ་དགའ་དུང་ཡོད་པས་རྐྱེན་བཟུང་སྟེ། ང་ཁྱོད་ཀྱི་ཤ་དྲོད་ལ་ཡང་ཡང་བཅར་ན་འདོད། ང་ནི་ཅི་ཡང་མེད་པའི་དབུལ་པོ་ཞིག་ཏེ། ད་ལྟ་ང་ལ་ལྷག་པ་ནི། ཉི་ནུབ་ཀྱི་ས་སྲོད་ཁྲོད་ཁྱོད་དྲན་རྒྱུ་དེ་རེད། ཇ་ནག་རེ་འཐུང་ནས། ཁྱེད་འགྲམ་དུ་ཡོད་ན་ང་ལ་དེ་ལས་ཅི་ཡང་མི་དགོས་སྣང་། སེམས་ཀྱི་བདེ་སྐྱིད་ནི་དེ་ཁོ་ན་ཡིན། སེམས་ཀྱི་སྐྲག་སྣང་དང་སྐྱོ་གདུང་ཡང་དེ་ཁོ་ན་ཡིན།
ཚེ་སྔོན་མའི་ལས་སྐལ་མ་རྫོགས་ན། །
ཟླ་བཞི་པར་ཚེས་ན་འཛོམས་རྒྱུ་བྱེད། །
ཆོག་གམ། ཡང་བསམ་གཞིག་ལ། ཁྱོད་ཀྱིས་ང་ལ་མི་ཚེ་འདིའི་ཆེས་བརྗེད་དུ་མེད་པའི་དོན་དེ་ཅི་ཡིན་ཞེས་དྲིས་ན། ངས་ང་རང་ཁེར་རྐྱང་གི་དུས་དེ་དག་ཁྱོད་ལ་ནན་གྱིས་དགའ་མྱོང་བ་དེ་ཡིན་ཞེས་བཤད་ངེས། རྒྱུ་མཚན། ང་ཁྱོད་ལ་དགའ་བ་དང་ངའི་ཡིད་རྟེན་ཆེས་ཆེ་བའི་བྱ་བ་གཉིས་ཨ་ན་མ་ན་རེད། མདོར་ན་ངའི་ཁྱོད་ཡུན་རིང་ཞིག་ལ་བསྒུགས་ངེས།ཡུན་རིང་ཞིག་ལ་སྒོམ་ངེས། སྙིང་ཉེ། ཁྱོད་ཀྱིས་ང་ཡི་རྐང་རྗེས་ལ་བདག་པོ་བྱེད་རོགས།
རི་རྩེའི་སྨུག་པ་ལ་ལུང་། །
དྲན་པ་གླེང་སའི་སྨུག་པ། །
ཆུ་འདིའི་ཟམ་པ་སྐྱ་བོ། །
བུ་མོ་བྱོན་པའི་གནས་ལམ། །
Leave a Reply