སྔ་དུས་བོད་ཀྱི་དངོས་ཟོག་ཉོ་ཚོང་བྱེད་སྐབས་ནོར་ཕྱུགས་དང་འབྲུ་རིགས། ཅ་དངོས་དང་ཅ་དངོས་སོགས་ཕན་ཚུན་བར་ལ་བརྗེ་ཚོང་བགྱིས་པ་ལས་དངུལ་གྱི་སྤྲོད་ལེན་བྱེད་ཚུལ་མེད། ཡིན་ནའང་བོད་བཙན་པོའི་དུས་སྐབས་སུ་འབྲུ་མར་གསེར་དངུལ་སོགས་གཞལ་བར་བྱ་བའི་རིགས“འཇལ་གཤོར་འདེགས་གསུམ”གྱི་སྒོ་ནས་ཚད་གཞི་གཅིག་གྱུར་བཟོས་ཡོད་དེ། «ཆོས་འབྱུང་མཁས་པའི་དགའ་སྟོན»ལས། “བྲེ་སྲང་ཕུལ་ཁྱོར་ཞོ་ནམ་སེ་སྲན་སོགས། །བཀའ་ལ་བཏགས་པའི་ཁྲིམས་ཡིག་གཉིས་པ་སྟེ། །འབུམ་གྱི་གསེར་ཐོག་ཤྭ་བ་ཅན་ཞེས་གྲགས” ཞེས་གསུངས་པ་ལྟར། འབུམ་གྱི་གསེར་ཐོག་ཤྭ་བ་ཅན་གྱི་ཁྲིམས་ཞེས་པ་ནི་ཤྭ་བ་བླ་རུ་བཀུར་བས་ཁྲིམས་ལུགས་ཀྱི་ནང་དོན་གཏན་ལ་འབེབས་པའི་སྐབས་སུའང་ཤྭ་བའི་ནུས་པ་དང་ཡོན་ཏན་ལ་དཔེར་བཅས་ནས་གཡོ་དང་སྒྱུ་མི་བྱེད་པ་དང་ཁྲེལ་དང་ངོ་ཚའི་བག་ཡོད་སོགས་དགོས་པའི་གལ་ཆེན་རང་བཞིན་བསྟན་པ་དང་། གཙོ་བོ་སྐབས་དེའི་འབྲུ་རིགས་སོགས་ཀྱི་མང་ཉུང་འཇལ་བྱེད་ཀྱི་བྲེའི་ཚད་གཞི་གཏན་ལ་ཕབ་པ་དང་། མར་སོགས་ཀྱི་ཡང་ལྕི་ཚད་འཇལ་བྱེད་ཀྱི་སྲང་ཡང་གཏན་ལ་ཕབ། དེ་བཞིན་དུ་རྒྱལ་པོ་སྲོང་བཙན་སྒམ་པོས་ཀྱང་མི་ཆོས་གཙང་མ་བཅུ་དྲུག་གི་ནང་དུ“བུ་ལོན་དུས་སུ་འཇལ་ཞིང་བྲེ་སྲང་ལ་གཡོ་མེད་པ” ཞེས་ཁྲིམས་སྲོལ་གྱིས་གཏན་འཁེལ་བྱས་ཏེ་འཇལ་གཤོར་འདེགས་གསུམ་གྱི་བཀོལ་སྤྱོད་ལ་རྒྱབ་སྐྱོར་ཆེན་པོ་གནང་ཡོད། གང་ལྟར་བོད་ཁམས་སུ་དངུལ་སྲང་གི་གྲངས་བརྩི་ལུགས་ཏེ་འཇལ་གཤོར་འདེགས་གསུམ་ནི་གནའ་སྔ་མོ་ནས་དར་ཁྱབ་ཡོད་ཅིང་། འབྲུ་མར་སོགས་ཚད་ཀྱིས་འཇལ་ནས་ཞིང་འབྲོག་དངོས་ཟོག་བརྗེ་རེས་བྱེད་པའི་ཚོང་སྲོལ་བྱུང་བ་ལས་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལ་ཤུགས་རྐྱེན་སྔར་བྱུང་མ་མྱོང་བ་བྱིན་པ་གོར་མ་ཆག་ཅེས་སྔོན་འགྲོའི་ཚུལ་དུ་བཀོད་པ་ལས་ཁོ་བོས་འདིར་བརྗོད་པར་བྱ་བ་ནི་དངུལ་ལོར་ངོ་སྤྲོད་རགས་ཙམ་དང་། བོད་ཊམ་ནི་དུས་ནམ་དར་བ། ཚུལ་ཇི་ལྟར་དར་བ། དེ་མིན་དུས་སྐབས་སོ་སོའི་བོད་ཊམ་ངོ་སྤྲོད་བསྡུས་པ་བཅས་ཀྱི་སྐོར་འབྲི་འདོད་པ་དེ་ཡིན། གཤམ་ནས་དེའི་སྐོར་བཤད་པར་བྱའོ། །
སྤྱིར་དངུལ་ལོར་ནི་ཚོང་ཟོག་ཕན་ཚུན་བརྗེ་རེས་བྱས་པ་ལས་ཐོན་པའི་དངོས་པོ་ཞིག་ཡིན་ལ། གདོད་མའི་སྤྱི་ཚོགས་ཀྱི་དུས་སུ་ཆེས་སྔ་བའི་དངུལ་ལོར་ནི་དངོས་པོའི་དངུལ་ལོར་ཁོ་ན་ལས་མ་འདས། སྤྱིར་བཏང་བཤད་ན་ཕྱུགས་རིགས་སྐྱས་སྤོའི་མི་རིགས་ཀྱིས་ཕྱུགས་ཟོག་དང་རི་དྭགས་ཀྱི་རིགས་ལ་བརྟེན་ནས་དངུལ་ལོར་གྱི་འགན་ནུས་ཐོག་མ་མངོན་འགྱུར་བྱུང་བ་དང་། ཞིང་པས་འབྲུ་རིགས་སྣ་ལྔ་དང་། རས། རྫ་ཆས། འགྲོན་བུ་སོགས་ཆེས་སྔ་ཤོས་ཀྱི་དངོས་པོའི་དངུལ་ལོར་གྱི་ཚབ་བྱས་ཡོད་པ་རེད། དེར་བརྟེན་དངུལ་ལོར་ནི་རྒྱལ་ཁབ་བམ་ས་ཁུལ་ཞིག་གི་ཆབ་སྲིད་དང་། དཔལ་འབྱོར། དམག་དོན། རིག་གནས་བཅས་ལ་ཞིབ་འཇུག་བྱེད་སྐབས་གཞི་འཛིན་སའི་དངོས་པོ་གལ་ཆེན་ཞིག་ཡིན་མོད། འོན་ཀྱང་བོད་ནང་དུ་བོད་ཊམ་འགྲེམས་སྤེལ་བྱས་ནས་དུས་ཚོད་དེ་འདྲ་རིང་པོ་འགོར་མེད་པ་སྟེ། དུས་རབས༡༨པའི་ལོ་རབས༩༠པ་ནས་དུས་རབས༢༠པའི་ལོ་རབས༥༠པའི་དུས་འགོའི་བར་དུས་ཡུན་ཧྲིལ་པོར་ཧ་ལམ་ལོ་ངོ་བརྒྱ་ལྷག་ཙམ་ལས་མེད་རུང་། དེས་ང་ཚོར་ཧ་ཅང་ཕུན་སུམ་ཚོགས་ཤིང་རྩ་ཆེ་བའི་ལོ་རྒྱུས་ཀྱི་རིག་གནས་ཤུལ་བཞག་ཁག་ཅིག་བཞག་ཡོད། འཛམ་གླིང་ཐོག་བོད་ཊམ་ལྟ་བུའི་དམིགས་བསལ་ཅན་གྱི་དངུལ་ལོར་ནི་ཤིན་ཏུ་དཀོན་པ་དང་། ཉེ་རབས་ལོ་རྒྱུས་སུ་བསྟུད་མར་ཐེངས་མང་འགྲེམས་སྤེལ་བྱས་ཤིང་དུས་ཡུན་ཐུང་ངུའི་ནང་མེད་པར་གྱུར་པས། ཚང་མ་བོད་ཁུལ་གྱི་གལ་ཆེའི་ལོ་རྒྱུས་ཀྱི་དོན་རྐྱེན་དང་ཐད་ཀར་འབྲེལ་བ་དམ་ཟབ་ཡོད་པར་མ་ཟད། དེའི་ནང་གི་སྣ་ཁ་མང་པོ་ཞིག་ནི་སྐབས་དེའི་ཆབ་སྲིད་དང་། དཔལ་འབྱོར། དམག་དོན་བཅས་ཀྱི་ཐད་ཀའི་ཐོན་དངོས་རྐྱང་རྐྱང་རེད། བོད་དུ་ཉེ་རབས་ལོ་རྒྱུས་སུ་བྱུང་བའི་དོན་རྐྱེན་གལ་བོ་ཆེ་ཚང་མ་བོད་ཀྱི་ཊམ་ཀའི་ལས་དབང་དང་འབྲེལ་བ་ཡོད་ཅིང་། སྒྲོ་འདོགས་སྤུ་ཙམ་ཡང་མེད་པའི་སྒོ་ནས་བཤད་ན་བོད་ཊམ་ཕལ་ཆེ་བའི་རྒྱབ་ལྗོངས་སུ་བརྗོད་ཀྱིས་མི་ལངས་ཤིང་ཕུན་སུམ་ཚོགས་པའི་ལོ་རྒྱུས་ཀྱི་དོན་དངོས་རེ་སྦས་སྐོང་བྱས་ཡོད། དེར་བརྟེན་བོད་ཊམ་ནི་དངུལ་ལོར་གཞན་དག་དང་མི་འདྲ་བར་དཔལ་འབྱོར་གྱི་ནུས་པ་རྐྱང་པ་ཙམ་མ་ཡིན་པར་དེ་དབུ་བརྙེས་པ་ནས་བཟུང་ཆབ་སྲིད་དང་། དཔལ་འབྱོར། དམག་དོན་སོགས་རྒྱུ་རྐྱེན་མང་པོ་དང་དམ་པོར་འབྲེལ་ནས་དར་སྤེལ་བྱུང་བས། ཆབ་སྲིད་དང་དམག་དོན་གྱི་དགོས་མཁོ་ནི་དེའི་དཔལ་འབྱོར་གྱི་ཁྱད་ཆོས་ལས་རིང་དུ་བརྒལ་ཡོད་པ་དང་ལོ་རྒྱུས་ཟིན་ཐོའི་ནུས་པའང་དངུལ་ལོར་གཞན་པ་དང་བསྡུར་ཐབས་དབེན། དེ་ནི་བོད་ཊམ་གྱི་ཁྱད་ཆོས་གཙོ་བོ་ཞིག་ཡིན་ལ་མི་མངོན་པའི་རིན་ཐང་གི་ཕྱོགས་གལ་ཆེན་ཞིག་ཀྱང་ཡིན། བོད་ཀྱི་རྒྱུ་རྙིང་ཁྲོད་བོད་ཊམ་ལྟ་བུའི་མ་ལག་ཆ་ཚང་ཞིང་ཕུན་སུམ་ཚོགས་པའི་སྒོ་ནས་བོད་ཀྱི་ཉེ་རབས་ལོ་རྒྱུས་ཟིན་ཐོར་བཀོད་ཐུབ་པའི་དངོས་པོ་ཤིན་ཏུ་ཉུང་ངོ་། །
དེ་ཡང་སྤྱི་ལོ༡༦༢༠ལོའི་ནང་ཙམ་ནས་བལ་ཡུལ་དུ་གོར་པའམ་ཡམ་བུ་དང་པར་ཏན། སྦག་གོན་ཞེས་བལ་བོའི་རྒྱལ་ཁག་ཆེ་ཆུང་གསུམ་ཡོད་པ་ཚང་མས་བོད་ཡུལ་ནས་ཚྭ་དང་། བལ། ལུག ཇ། སྣམ་བུ། སྨན་རྩྭ། པགས་རིགས་སོགས་ཉོ་སྒྲུབ་དང་། བོད་པས་བལ་ཡུལ་ནས་ཟངས་དང་། ལྕགས་རིགས། སྐུ་རྟེན། སྨན་ཁྲོག་བཅས་ཉོ་སྒྲུབ་སྐབས་བལ་པོའི་དངུལ་ཊམ་དཀྱིལ་དུ་རྐང་རྗེས་འདྲ་བ་གཉིས་ཡོད་པ་ཞིག་དང་། ཡང་དཀྱིལ་དུ་ཉི་ཟླ། ཡང་དཀྱིལ་དུ་རྩེ་གསུམ་ཡོད་པ། མཐར་ལཉྫའི་ཡི་གེ་ཡོད་པ་མང་པོ་ཐོན་པར་བོད་མི་ཚོས་གཡང་ཊམ་ཞེས་གཙིགས་ཆེ་བ་བྱེད་ནའང་། རྗེས་སུ་དངུལ་ཊམ་ལ་ཟངས་དང་། ཏི་ཚའི་ལྷད་མང་པོ་བརྒྱབས་རྐྱེན་གཙིགས་མཐོང་ཡང་ཇེ་ཞན་དུ་སོང་། སྤྱི་ལོ༡༧༦༩ལོར་བལ་ཡུལ་རྒྱལ་ཁག་རྣམས་གོར་ཥ་པིར་ཐི་བིར་ན་ར་ཡན་གྱིས་བླངས་རྗེས་བལ་ཊམ་གསར་པ་བརྒྱབས་ཏེ་བོད་ནང་ཡོད་པའི་བལ་ཊམ་རྙིང་པ་རྣམས་ཀྱི་མཛའ་ཐང་གཅོག་དགོས་པ་བྱུང་བ་སྤྱི་དང་། ནང་སྒོས་སུ་སྤྱི་ལོ༡༧༨༧ལོའི་ཟླ་དྲུག་པའི་ནང་ཞྭ་དམར་བའི་གཡོག་གྲས་ཀརྨ་མཆོག་སྦྱིན་སོགས་ཁ་ཤས་ཀྱིས་ས་སྣེ་ལམ་རྒྱུས་བྱས་ཏེ་བོད་ཁོངས་གཉའ་ནང་དང་། རོང་ཤར། སྐྱིད་གྲོང་བཅས་ས་མཚམས་ཁག་གསུམ་ལ་གོར་ཁའི་དམག་གིས་གློ་བུར་དུ་བཙན་འཛུལ་བྱས། སྤྱི་ལོ༡༧༨༨ལོར་གོར་ཁས་སྐྱིད་གྲོང་དུ་བཞག་པའི་བོད་གོར་ཆིངས་དོན་དང་རྒྱབ་འགལ་གྱིས་བོད་ལ་ཐེངས་གཉིས་པའི་བཙན་འཛུལ་བྱས་ཏེ་གཙང་ཤེལ་དཀར་བ་དམག་གིས་བཅོམ། བཀྲིས་ལྷུན་གྱི་སྐུ་གསུང་ཐུགས་རྟེན་སོགས་བརྐུ་འཁྱེར་བྱས། སྤྱི་ལོ༡༧༩༡ལོར་ཆིང་སྲིད་གཞུང་གིས་དཔུང་དམག་བོད་ལ་མངགས་ནས་བོད་དམག་དང་མཉམ་དུ་དཔུང་བཤམས་ཏེ་གོར་དམག་བོད་ནས་མཐའ་སྐྲོད་བཏང་བ་དང་བལ་བོད་བར་གྱི་ཚོང་འགྲུལ་ཆད་པ་སོགས་ཀྱིས་བོད་དུ་བལ་བོའི་དངུལ་ཊམ་བེད་སྤྱོད་མི་ཆོག་པའི་གནས་ཚུལ་ཆགས་པར་བརྟེན། རྒྱལ་མཆོག་འཇམ་དཔལ་རྒྱ་མཚོའི་སྐུ་དུས་སྲིད་སྐྱོང་ཚེ་གླིང་ངག་དབང་ཚུལ་ཁྲིམས་ཀྱིས་བོད་ཊམ་གསར་རྒྱག་བྱེད་རྒྱུའི་འཆར་གཞི་གནང་སྟེ། སྲིད་སྐྱོང་རྟ་ཚག་བསྟན་པའི་མགོན་པོའི་སྐུ་དུས་སུ་བལ་ཊམ་ལ་དཔེར་བྱས་ཏེ་དངུལ་གྱི་ཡང་ལྗིད་དང་ཆེ་ཆུང་མཉམ་པའི་ མདུན་ངོས་དཀྱིལ་གྱི་གྲུ་བཞི་མ་ཞིག་གི་ནང་དུ་བོད་ཀྱི་ཨང་ཀིས༡༣/༤༦ཅེས་བཀོད་ཡོད་པའི་བོད་ཊམ་དང་པོ་དེ་བཟོས་པ་དང་། དེ་ནི་རབ་བྱུང༡༣པའི་ལོ༤༦དང་སྤྱི་ལོ༡༧༩༢ཡིན་ཞིང་། དངུལ་ཞོ་གང་སྐར་ལྔའི་རིན་ཐང་ཅན་གྱི་བོད་ཊམ་མམ“བཅུ་གསུམ་ཞེ་དྲུག”ཅེས་ཀྱང་འབོད། དེའི་མཐའ་རུ་མེ་ཏོག་བརྒྱད་ཀྱིས་རྒྱན་རིས་ཀྱི་ཚུལ་དུ་བཀོད་ཡོད། ཨང་ཀིའི་མགོ་རུ་ཉི་ཟླ་སྐར་གསུམ་གྱི་མཚོན་རིས་ཡོད་ལ། མཐའ་འཁོར་དུ་སྐར་དབྱིབས་ཀྱིས་བརྒྱན་པར་བྱས་ཡོད། རྒྱབ་ངོས་སུ་དཀྱིལ་དུ་མེ་ཏོག་ཅིག་ཡོད་པ་དང་། དེའི་མཐའ་རུ་སྒོར་ཐིག་ཟུང་ལྡན་ཞིག་འཐེན་ཡོད་ལ། དེའི་ཕྱི་རུ་བཀྲ་ཤིས་རྟགས་བརྒྱད་དེ། པད་མ། དུང་དཀར། དཔལ་བེའུ། གདུགས། རྒྱལ་མཚན། འཁོར་ལོ། བུམ་པ། གསེར་ཉ་སོགས་བརྒྱད་ཡོད་པ་དང་། རིན་ཚད་ཞོ་གང་སྐར་ལྔ་ཡིན། འདི་ནི་བལ་ཊམ་དང་བསྡུར་ན་བོད་རང་གི་ཁྱད་ཆོས་མངོན་གསལ་ལྡན་པར་མ་ཟད། ཁ་དོག་ཀྱང་སྔོན་ལས་ལྡབ་འགྱུར་གྱིས་ཇེ་ལེགས་སུ་སོང་ཡོད། དེ་རྗེས༡༤/༢༥(སྤྱི་ལོ༡༨༢༠)དང༡༥/༢༤(སྤྱི་ལོ༡༨༩༠) ༡༥/༢༥(སྤྱི་ལོ༡༨༩༡)བཅས་ཐོན་པ་དང་། དེ་དག་ལ་སྒོར་ཐིག་བཅོ་ལྔ་རེ་ཡོད་པ་སྒོར་ཐིག་རེར་སྐར་རེ་བརྩིས་པས་བཅད་དུམ་བཟོས་ཏེ་སྤྲོད་ལེན་ཡང་བྱས་པ་རེད། མདོར་ན་གོར་ཁས་བོད་ལ་དམག་འཁྲུག་ཐེངས་གཉིས་བསླངས་པར་རྒྱུ་རྐྱེན་མང་པོ་ཡོད་རུང་གཙོ་བོ་ནི་མུ་མཐུད་དུ་བོད་ཀྱི་དངུལ་ཊམ་བཟོ་བར་ཚོད་འཛིན་དང་དེའི་ཁྲོད་ནས་ལུགས་མཐུན་མིན་པའི་ཁེ་ཕན་ལེན་པར་རག་ལས་ཡོད་པས། དོན་དངོས་ཐོག་གོར་བོད་བར་གྱི་དམག་འཁྲུག་ནི་འཛམ་གླིང་ཡང་རྩེའི་ཐོག་དངུལ་ལོར་ལས་བྱུང་བའི་ཚ་ཚ་འུར་འུར་གྱི་དམག་འཐབ་ཅིག་ཡིན་པར་ངོས་འཛིན་བཞིན་ཡོད་ལ། རྒྱབ་ལྗོངས་དེ་འདྲའི་འོག་ནས་བོད་རང་གིས་བཟོས་པའི་དངུལ་ཊམ་དང་པོ་ཐོན་པའང་ཡིད་ལ་འཇགས་པར་འཚལ།
བོད་རང་གིས་བཟོས་པའི་དངུལ་ཊམ་ཐོག་མ།
གང་ལྟར་བོད་ཀྱི་དུས་རབས་རིམ་བྱུང་གི་ནང་དུ་འགྲེམས་སྤེལ་བྱས་པའི་དངུལ་ལོར་གྱི་རིགས་ལ་དངུལ་གཙང་ལས་གྲུབ་པའི་ཞོ་དོ་དང་། ཞོ་གང་སོགས་དང་། ཟངས་ལས་གྲུབ་པའི་ཞོ་ལྔ། ཞོ་གསུམ། ཞོ་གང་། ཞོ་ཕྱེད་བརྒྱད། སྐར་ལྔ། ཤོག་དངུལ་ལ་སྲང་ལྔ་དང་། སྲང་བདུན་ཞོ་ལྔ། སྲང་བཅུ། སྲང་ཉེར་ལྔ། སྲང་བརྒྱ་ལ་སོགས་པ་རིགས་མི་འདྲ་བ་མང་པོ་བྱུང་ཡོད་པར་མ་ཟད། ད་དུང་གསེར་ཊམ་སོགས་གཏན་འབེབས་བྱས་ནས་བོད་ཁམས་ཡོངས་སུ་རྒྱུགས་ཆེ་བ་དང་། ཁྱད་པར་དུ་སྤྱི་ལོ༡༨༥༠ལོར། བོད་ཀྱི་དངུལ་ལོར་བཟོ་སའི་ལས་ཁུངས་ཀྱིས“དགའ་ལྡན་ཕོ་བྲང”གི་དངུལ་ལོར་ཡང་བསྐྱར་བཟོས་པ་དེ་ནི་བོད་ཀྱི་དངུལ་ལོར་གྱི་ལོ་རྒྱུས་སྟེང་ཁྱབ་རྒྱུགས་ཀྱི་ལོ་རྒྱུས་ཧ་ཅང་རིང་བའི་དངུལ་ལོར་ཞིག་སྟེ། ལོ་ངོ་བརྒྱད་ཅུའི་རིང་ལ་གསར་བཟོ་འགྲེམ་སྤེལ་དང་། ལོ་ངོ་བརྒྱ་ལྷག་གི་རིང་ལ་བོད་ཁུལ་གྱི་ཚོང་རའི་ནང་འཁོར་རྒྱུག་བྱས་ཡོད། མང་ཚོགས་དང་ཚོང་པ་དག་གིས་ཀྱང་དངུལ་ལོར་འདིར་ཧ་ཅང་དགའ་བོ་བྱེད། རིམ་གྱིས་དངུལ་ལོར་འདིའི་བཟོ་དབྱིབས་ཀྱི་པར་གཞི་རྣམ་པ་མི་འདྲ་བ་བཅོ་ལྔ་ཙམ་བྱུང་ཡོད་ལ། འཁོར་རྒྱུག་ལེགས་པོ་ཡོད་པའི་རྐྱེན་གྱིས་དངུལ་ལོར་ཁོ་ནར་དམིགས་པའི་གཡོ་ཅན་སྐོར་ཞིག་གིས་སྐབས་གླགས་དེར་བསྟུན་ནས་རྫུན་མ་བཟོས་པའི་སྣང་ཚུལ་ཡང་བྱུང་མྱོང་། གཞན་ཆིང་རྒྱལ་རབས་ཀྱི་དུས་སྐབས་སུ། བོད་པའི་ཊམ་ཀ་དང་འདྲ་བ་ལ་རྒྱ་ཡིག་དང་བོད་ཡིག་འདྲེས་མར་ཡོད་པ། ཆན་ལུང་པའུ་གཙང་། ཅཱ་ཆེན་པའུ་གཙང་། རྡའོ་ཀོང་པའུ་གཙང་ཟེར་བའི་དངུལ་ཊམ་དང་། ཡང་བཅུ་སྒོར་ལས་ཅུང་ཟད་ཆུང་ཙམ། དཀྱིལ་དུ་འབྲུག་ཡོད་པ། ཀོང་ཤུའི་དང་ཤིན་ཐོང་ཞེས་བོད་ཡིག་ཡོད་པའི་དངུལ་ཊམ་དག་བྱུང་ཡོད་ལ། དེ་ཚོ་ནི་ཆིན་གོང་མས་བོད་ཀྱི་ས་མཚམས་ལ་མངགས་པའི་དམག་མི་དང་། ཨམ་བན་སོགས་རྒྱ་མིའི་ལས་བྱེད་རྣམས་ཀྱི་ཕོགས་དངུལ་སྤྲོད་སླད་བཟོས་པ་ཞིག་ལས། བོད་གཞུང་གིས་གཏོང་འགྲེམས་བྱས་པ་མིན་ཁར། བོད་ནང་དུ་འགྲོ་རྒྱུག་ཀྱང་མེད་པ་རེད། གཤམ་ནས་བོད་ཀྱི་དངུལ་ལོ་རྒྱུག་ཆེ་བ་འགའི་རི་མོ་དང་བཅས་ཏེ་ངོ་སྤྲོད་མདོར་བསྡུས་ཙམ་ཞིག་འགོད་པར་བྱའོ། །
སྤྱི་ལོ༡༧༩༣ལོར་ལྷ་ས་རུ་དངུལ་ལོར་བཟོ་སའི་ལས་ཁུངས་ཤིག་བཙུགས་ཏེ། རིན་ཚད་ལ་ཞོ་གང་སྐར་ལྔ་ཅན་གྱི“ཆན་ལུང་ཐུང་པའོ”བཟོས། དེ་དག་གི་རིན་ཚད་ལྟར་ལྕི་ཚད་དང་ཆེ་ཆུང་ཅུང་མི་འདྲ་བ་ལས། བཟོ་དབྱིབས་ཕལ་ཆེར་འདྲ་སྟེ། དངུལ་ཊམ་དེའི་མདུན་ངོས་དཀྱིལ་གྱི་དྲ་མིག་ཏུ་བོད་ཡིག་གི་ཨང་ཀི༥༧ཞེས་བྲིས་ཡོད་པ་དང་། དེས་ཆན་ལུང་གི་ཁྲི་ལོ་ང་བདུན་པ་མཚོན་ལ། དྲ་མིག་ཕྱི་རུ“ཆན་ལུང་ཐུང་པའོ”ཞེས་བྲིས་ཡོད། མཐའ་རྒྱན་ལ་སྒོར་ཐིག་བཀར་བར་བྱས་ཡོད། རྒྱབ་ངོས་དཀྱིལ་གྱི་སྒོར་ཐིག་གམ་དྲ་མིག་ཏུ“པའུ་གཙང”ཞེས་བྲིས་ཡོད་པ་དང་། དྲ་མིག་ཕྱི་རུ་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་བཀོད་འདུག དེ་མཚུངས་སུ་སྐབས་དེར“ཆན་ལུང་པའུ་གཙང་ལྔ་བཅུ་ལྔ་བརྒྱད”ཅེས་པའི་ཞོ་གང་ཅན་དང་། ཞོ་གང་སྐར་ལྔ་ཅན། སྐར་ལྔ་ཅན་བཅས་ཀྱི་དངུལ་ཊམ་བཟོས་ཏེ་བཀྲམས་ཡོད་པ་རེད།
སྤྱི་ལོ༡༩༠༩ལོར། གོང་མ་ཤོན་ཐུང་ཁྲིར་བཞུགས་ཏེ། “ཤོན་ཐུང་ཁྲི་ལོ་དང་པོ”ཞེས་པའི་སྲང་གང་ཅན་དང་། ཞོ་ལྔ་ཅན། ཞོ་དོ་ལེ་ལྔ་ཅན། ཟངས་སྒོར་སྐར་གཅིག་ཅན་དང་། ཟངས་སྒོར་ལེ་ལྔ་ཅན། ཞོ་གང་ལེ་དོ་ཅན་བཅས་བཟོས་ཏེ་འགྲེམ་སྤེལ་བྱས། སྐབས་དེར་བོད་ཀྱིས་རྒྱ་གར་དུ་མིའི་རྩོལ་ཤུགས་ལ་བརྟེན་ནས་སྒུལ་བའི་དངུལ་བཟོ་འཕྲུལ་ཆས་དང་། དབྱིན་ཇིའི་ཆུ་དང་མིའི་རྩོལ་བ་ཟུང་ལ་བརྟེན་ནས་སྒུལ་བའི་འཕྲུལ་ཆས་གཉིས་ནང་འདྲེན་བྱས་ཏེ་དངུལ་ལོར་བཟོ་མགོ་བརྩམས་ཤིང་། བོད་ས་གནས་སྲིད་གཞུང་གིས་དངུལ་གྱི་ལྕི་ཚད་དང་རིན་ཚད་ཡང་དག་པར་གཏན་ལ་ཕབ་ནས་བཟོས་པའི་དངུལ་ལོར་ཞིག་སྟེ། མིང་ལ “སྐལ་བཟང་ཊམ་ཀ”ཞེས་བྱ་བ་ཞིག་བཟོས། དེ་ནས་སྤྱི་ལོ༡༩༠༩ལོ་ནས༡༩༤༧ལོའི་བར་དུ་རིམ་བཞིན་སྐལ་བཟང་ཊམ་ཀ་ཞོ་གང་སྐར་ལྔ་ཅན་དང་། ཞོ་གང་། སྐར་ཆུང་སྐར་ལྔ། སྲང་གསུམ། སྲང་གང་ཞོ་ལྔ། ཊམ་ཀ་གསར་བ་སྲང་ལྔ། ཞོ་གསུམ། ཞོ་ལྔ་ཅན་སོགས་ཀྱི་དངུལ་ལོར་བཟོས་ཏེ་བོད་ཁུལ་གྱི་ཚོང་རའི་ནང་འཁོར་རྒྱུག་བྱས།
ཊམ་ཀ་དཀར་པོ། མདུན་དཀྱིལ་དུ་ནོར་བུ་མེ་འབར་དང་། མཐར་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ། རྒྱབ་ཏུ་པདྨ་དང་། མཐར་བཀྲ་ཤིས་རྟགས་བརྒྱད། ལོ་ཚིགས་དང་དངུལ་གནད་སོགས་གང་ཡང་མ་འཁོད་པ། དངུལ་ལྷད་མེད་པ། ཧ་ཅང་གི་ཡང་པོ་ཞིག་ཐོན་པ་དེ་ནི༧གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་རྒྱ་སོག་ནས་ཕྱིར་ཕེབས་ཕྱག་སྐྱོས་སུ་ལྕགས་ཁྱི་སྤྱི་ལོ༡༩༡༠ལོར་ལྷ་ལྡན་སྨོན་ལམ་ཆེན་མོར་དགེ་འདུན་རེར་སྲང་སྒོར་རེ་དང་། ཊམ་དཀར་ལྔ་རེ་འབུལ་གནང་མཛད་པ་དེ་རེད།
སྤྱི་ལོ༡༩༡༨ལོར། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་སྐུ་མདུན་པ་ཚ་རོང་ལ་དངུལ་ལོར་བཟོ་བའི་དབང་ཆ་ཐོབ་རྗེས། ཁོང་གིས་ནོར་བུ་གླིང་གའི་ནུབ་ཏུ་དངུལ་ལོར་གྱི་བཟོ་གྲྭ་ཞིག་གསར་འཛུགས་གནང་སྟེ། སྲང་ཉི་ཤུ་ཅན་གྱི་གསེར་ཊམ་མ་སྒོར་རྨ་བཟོས་ནས་འགྲེམ་སྤེལ་བྱས། གསེར་ཊམ་དེའི་རྒྱབ་ངོས་དཀྱིལ་གྱི་སྒོར་དབྱིབས་སུ་མེ་ཏོག་གི་རྒྱན་རིས་ཡོད་པ་དང་། མཐའ་རུ“དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ”ཞེས་པའི་རྗེས་སུ་ཊམ་སྲང༢༠ཞེས་བཀོད་ཡོད། མདུན་ངོས་སུ་རབ་བྱུང༡༥པའི་ལོ༥༢ཅེས་བཀོད་འདུག
འདི་ནི་སྤྱི་ལོ༡༩༣༣ནས༡༩༣༤བར། སྡེ་བ་གཞུང་གིས་དངུལ་ཊམ “སྲང་གསུམ”ཅན་ཞིག་གསར་དུ་བཟོས་པ་དེ་རེད། གྲུབ་ཆ་དང་ལས་བཟོ་ནི་དངུལ་གྱིས་བརྡུངས་ཤིང་ལག་མགར་བྱས་པ་ཞིག་རེད་ལ། བཟོ་དབྱིབས་ནི་མདུན་ངོས་སུ་སེང་གེ་དང་དེའི་ཟུར་ན་པ་ཏྲ་དང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཞེས་བཀོད་ཡོད་པ་དང་། རྒྱབ་ངོས་ན་རིན་ཚད་དང་དངུལ་ཊམ་བཟོས་པའི་ལོ་ཚིགས་བཅས་བཀོད་པའོ། །
ཐོག་མའི་སྲང་གསུམ་དངུལ་ཊམ་བཟོས་ནས་ལོ་གཉིས་ཙམ་གྱི་རྗེས་ཏེ། སྤྱི་ལོ༡༩༣༥ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས“སྲང་གསུམ”དངུལ་ཊམ་ལ་བཟོ་བཅོས་བརྒྱབ་སྟེ་དཔར་གཞི་གསར་བ་བསྐྲུན་པ་དེ་འདི་ཡིན་འདུག མདུན་ངོས་གྱི་གོར་གོར་ནང་མར། གངས་རི་དང་། ཉི་མ་གཉིས། སྤྲིན་རིས་ཐོག་ཏུ་སེང་གེས་ངར་སྐད་འདོན་པའི་གཟུགས་དབྱིབས་དང་། ཕྱིའི་གོར་མོའི་ནང་བཀྲ་ཤིས་རྟགས་བརྒྱད་ལས། གསེར་ཉ་དང་། དུང་དཀར། དཔལ་བེའུ། རྒྱལ་མཚན་བཅས་ཀྱི་བར་དུ་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཞེས་བཀོད་པ། རྒྱབ་ངོས་ཀྱི་དཀྱིལ་མར། མེ་བུམ་དང་། ཕྱིའི་གོར་ཐིག་ནང་དུ། གདུགས་དང་། པདྨ། འཁོར་ལོ་དག་གི་བར་མཚམས་སུ་རབ་བྱུང་བཅུ་དྲུག ལོ་དགུ། སྲང་གསུམ་ཞེས་དངུལ་ལོ་བསྐྲུན་པའི་ལོ་ཚིགས་དང་རིན་ཚད་བཀོད་འདུག
དངུལ་ཊམ་ངོར་བཀོད་པ་ལྟར་དཔར་གཞི་འདི་རབ་བྱུང་བཅུ་དྲུག་པའི་ལོ་དགུ་ནས་བཅུ་གཉིས་ཏེ་སྤྱི་ལོ༡༩༣༥ལོ་ནས༡༩༣༨ལོའི་བར་དུ་དར་སྤེལ་བཏང་བ་དང་དེ་མཚུངས་ཀྱིས་མི་དམངས་ནས་བེད་སྤྱོད་བྱས་ཡོད། དེའི་བར་ནས་འཛམ་གླིང་འཁྲུག་ཆེན་གཉིས་པ་སློང་འགོ་ཚུགས་པས་དངུལ་ལོར་གྱི་བཟོ་གྲྭ་ནས་རྒྱུ་ཆ་སོགས་ཕྱོགས་གང་ཐད་ནས་དཀའ་ངལ་འཕྲད་པས་དཔར་མཚམས་བཞག་དགོས་བྱུང་འདུག
དམག་འཁྲུག་མཇུག་གྲིལ་ནས་ལོ་གཅིག་གི་མཚམས་ཏེ། སྤྱི་ལོ༡༩༤༦ལོར་སྲང་གསུམ་གོར་མོའི་བཟོ་གྲྭ་ནས་དངུལ་ལོར་ཡང་བསྐྱར་བླུགས་འགོ་རྩོམ་འདུག ལོ་དེར་རིགས་མི་འདྲ་བ་གསུམ་བཟོས་འདུག་སྟེ། པར་རིས་ལས་གསལ་བར་ལྟར་དང་པོ་ནི་ལོ་ཉི་ཤུ་སྲང་གསུམ་དངུལ་ལོ། གཉིས་པ་རིན་ཚད་ལ་སྲང་གང་དང་ཞོ་ལྔ་ཅན་གྱི་དངུལ་ལོ། གསུམ་པ་ཞོ་གསུམ་ཟངས་སྒོར་གསུམ་དུ་ཕྱེས་ནས་བཟོས་འདུག དེའི་ནང་ནས་དང་པོ་དང་གཉིས་པ་གཉིས་ཀྱི་རྒྱུ་ཆ་དཀོན་པོ་ཡིན་ཚོད་འདུག་ལ། དེ་གཉིས་ཀྱི་ཇུས་འགོད་ཀྱི་ཐོག་ནས་ལྟོས་ན་མདུན་ངོས་དང་རྒྱབ་ངོས་གཉི་ག་སྤྱི་ལོ༡༩༣༥ལོའི་ཇུས་འགོད་ལྟར་སོར་བཞག་བྱས་འདུག གསུམ་པ་ཞོ་གསུམ་ཟངས་སྒོར་དེའི་རྒྱབ་ངོས་ཀྱི་ཇུས་འགོད་ཐད་ཅུང་འགྱུར་བ་བྱུང་བཏང་འདུག་མོད་ཕལ་ཆེར་སྤྱི་ལོ༡༩༣༣ལོར་བཟོས་པའི་སྲང་གསུམ་ཇུས་འགོད་དང་འདྲ་བོ་གནང་འདུག
འདི་ནི་སྤྱི་ལོ༡༩༤༨ལོར། བོད་རབ་བྱུང་བཅུ་དྲུག་པའི་ཉེར་གཉིས་ས་བྱི་ལོར། བཀའ་ཤག་སྲིད་གཞུང་འཐད་པ་བརྒྱུད་དེ་བོད་ལྗོངས་བཀྲ་ཤིས་གློག་ཆས་བཟོ་གྲྭ་ཞེས་པ་ནས་རིན་ཚད་ལ་དངུལ་ཊམ་སྲང་བཅུ་ཅན་ཞིག་གསར་དུ་བཟོས་པ་དེ་ཡིན་འདུག མདུན་ངོས་ཀྱི་ཇུས་འགོད་ཐད་གངས་རི་དང་དང་སེང་གེ ཉི་མ་ཟུང་དང་མཚོ་རླབས། མཐའ་རུ་པདྨ་འདབ་བརྒྱད་ཀྱི་རི་མོ་དང་ནང་དུ་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཞེས་བཀོད་པ། རྒྱབ་ངོས་ཇུས་འགོད་ནང་དཀྱིལ་དུ་ལོ་ཉེར་གཉིས་དང་སྲང་བཅུ། འགྲམ་ངོས་སུ་ནེའུ་ལེ་ནོར་བུ་སྐྱུག་པ་གཉིས་ཀྱི་རི་མོ་ཡོད་པ། མཚོན་དོན་དུ་དངུལ་ཊམ་བཟོ་བའི་ལོ་ཚིགས་ཏེ་བོད་རབ་བྱུང་བཅུ་དྲུག་པའི་ཉེར་གཉིས་ས་བྱི་ལོ་དངུལ་ཊམ་བཟོས་པ་ཡིན་ལུགས་ཀྱི་རྣམ་པ་བསྟན་པ། ད་དུང་གདུགས་དང་། ཉི་ཟླ། སེང་གེ་དང་ཁྱུང་ཆེན། ཆུ་སྲམ། དུང་དཀར་བཅས་བཀོད་ཡོད། འདི་དག་དགྲ་བཤེད་དུ་གྱུར་བའི་སྲོག་ཆགས་རིགས་གཉིས་རེ་གཞི་གཅིག་ཏུ་བསྡེབས་པར“མི་མཐུན་གཡུལ་རྒྱལ”ཞེས་འབོད་ལ། དེའི་མཚོན་དོན་ནི་མི་མཐུན་པ་ཐམས་ཅད་མཐུན་པར་བྱེད་ཅིང་། ཡང་ན་མི་མཐུན་པའི་ཕྱོགས་ལས་རྣམ་པར་རྒྱལ་བའམ་མི་མཐུན་གཡུལ་ལས་རྣམ་པར་རྒྱལ་བའི་དོན་ཡིན། མཐའ་རྒྱན་དུ་པདྨ་འདབ་བརྒྱད་ནང་དུ་ཆོས་སྲིད་ཟུང་འབྲེལ་དང་རབ་བྱུང་གི་ལོ་ཚིགས་ཡོད་པའོ། །
དངུལ་ཊམ་འདི་རབ་བྱུང་བཅུ་དྲུག་པའི་ལོ་ཉེར་གཉིས་ནས་ཉེར་དྲུག་བར་དུ་རྣམ་པ་གཅིག་བྱས་ནས་བཟོས་འདུག མདུན་ངོས་ན་ཉི་ཟླ་ཟུང་གི་རི་མོ་ཡོད་པས་ཉི་ཟླའི་དཔར་གཞི་ཡང་ཟེར། དེའི་ནང་ནས་ཉེར་གསུམ་ལོའི་དངུལ་ཊམ་དེ་ཅུང་དཀོན་པའི་ཚོད་དུ་ཡིན་འདུག
དངུལ་ཊམ་གྱི་ཐོག་ཏུ་སྨོན་ཚིག་ཡོད་པ་འདི་ནི་སྤྱི་ལོ༡༩༥༠ལོ་ནས༡༩༥༡ལོར། བོད་རབ་བྱུང་བཅུ་དྲུག་ལོ་ཉེར་བཞི་ནས་ཉེར་ལྔའི་བར་དུ་བཟོས་པ་དང་། མདུན་ངོས་ན་ཉི་མ་དང་སེང་གེ གངས་རི། དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཞེས་དང་། རྒྱབ་ངོས་ན་རབ་བྱུང་དང་ལོ་ཚིགས་རིན་ཚད། མཐའ་རུ“བདེ་སྐྱིད་འདོད་རྒུ་འཁྱིལ་བ་འདུ་འགོད”ཅེས་སྨོན་ཚིག་བཀོད་ཡོད་པ།
ནེའུ་ལེ་ནི་ང་ཚོའི་རིག་གནས་ཁྲོད་རྒྱུ་ནོར་དང་ལོངས་སྤྱོད་འཁོར་བའི་མཚོན་དོན་དམིགས་བསལ་ཡོད་པ་སྟེ་ཛམ་བྷ་ལའི་ནོར་སྲུང་ཡིན་པ་འདི་དངུལ་ལོར་བཀོལ་བས་མི་དམངས་ཁྲོད་དངུལ་ལོར་གྱི་ཇུས་འགོད་ལ་དགའ་བསུ་རྒྱ་ཆེར་ཐོབ་པ་དང་། ད་དུང་དངུལ་ལོར་གྱི་རྒྱབ་ངོས་ན་སྨོན་ཚིག་ཡོད་པ་འདི་ཡང་དུས་སྐབས་དེར་བསྐྲུན་པས་འདི་གཉིས་ནི་རང་གི་རིག་གནས་དང་བསམ་པའི་འཁྱེར་སོ་ལ་ཁ་ཐག་ཆེས་ཆེར་ཉེ་བའི་རྒྱུ་མཚན་གྱིས་ལྷག་ཏུ་དགའ་བསུ་ཚད་མེད་ཐོབ་ཚུལ་བཤད།
དངུལ་ཊམ་འདི་ནི་བོད་ལྗོངས་ནས་ཆེས་མཇུག་མཐའི་དངུལ་སྲང་སྟེ། རིན་ཚད་ལ་སྲང་ལྔ་ཡིན་འདུག་ཅིང་། འདི་བསྐྲུན་པའི་དུས་ཚོད་ནི་སྤྱི་ལོ༡༩༥༣ལོ་ནས༡༩༥༤ལོའི་བར་ཏེ། རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་དགུང་ལོ་ཉི་ཤུའི་ཐོག་དགེ་སློང་གི་སྡོམ་པ་ལེན་པའི་སྐབས་ཀྱི་རྟེན་འབྲེལ་དང་བསྟུན་ནས་ཆེད་དུ་དགེ་འདུན་དང་ལྷ་དང་བླ་མར་མཆོད་འབུལ་གྱི་དངུལ་ལོ་བཟོས་པར་གྲགས། རྒྱུ་མཚན་དེའི་དབང་གིས“སྤོས་དངུལ”ཞེས་ཀྱང་འབོད། འདི་ལ་དྲན་རྟེན་རང་བཞིན་དང་མཆོད་འབུལ་རང་བཞིན་གྱི་རིན་ཐང་ལྡན་པས་ཊམ་ཀ་དཀར་པོ་དང་བསྡུར་ན་སྤུས་ཀ་དང་རྒྱུ་ཆ་གང་གི་ཐད་ནས་བརྒྱ་ཆ་གོ་བརྒྱད་ཀྱིས་འདི་ཉིད་བཟང་བར་བཤད། དུས་མཚུངས་སུ་དངུལ་ཊམ་འདིའི་རྒྱུ་ཆ་ལེགས་པ། བཟོ་བསྐྲུན་གྱི་དུས་ཡུན་ཐུང་བ། གྲངས་ཚད་ཉུང་བ། བོད་ས་གནས་སྲིད་གཞུང་གི་དངུལ་བཟོ་བཟོ་གྲྭའི་བཀྲ་ཤིས་དངུལ་བཟོ་ཁང་གི་ཟིན་ཐོར་བཀོད་པ་ལྟར་ན། སྤྱི་ལོ༡༩༥༣ལོ་ནས༡༩༥༤བར་ལོ་གཉིས་ཀྱི་རིང་ཧ་ལམ་ཁྲི༣༣ལྷག་བླུགས་པ་དང་། བོད་དངུལ་སྲང་ཁྲི༡༦༥ཙམ་ཡོད་འདུག ཇུས་འགོད་ཐད་མདུན་ངོས་སུ“བཀྲ་ཤིས་རྟགས་བརྒྱད”དང་། རྒྱབ་ངོས་ན“དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ”ཞེས་བཀོད་པའོ། འདི་མཆོད་འབུལ་དང་རྗེས་དྲན་རང་བཞིན་གྱི་རིན་ཐང་ཆེ་བས་མི་དམངས་ཀྱིས་བརྩིས་ཆེན་དུ་བརྩི་བའི་སྲོལ་ཡང་ཡོད་འདུག
དེ་ལྟར་གསེར་ཊམ་དང་། དངུལ་ཊམ། ཟངས་ཊམ་སོགས་རིན་ཚད་མི་འདྲ་བའི་དངུལ་ལོར་མང་པོ་ཞིག་དུས་ཡུན་རིང་བོར་བོད་ཁུལ་དུ་བེད་སྤྱོད་བྱས། འོན་ཀྱང་དངུལ་ལོར་དེ་དག་རིན་ཐང་དང་རྒྱུ་ཆའི་ཆ་ནས་རྩ་ཆེན་དུ་འདུག་ཀྱང་། སྐྱེལ་འདྲེན་དང་དོ་དམ་གྱི་ཆ་ནས་ཧ་ཅང་སྟབས་མི་བདེ་བས། སྐབས་དེར་རྒྱལ་ཁབ་གཞན་དང་ས་ཁུལ་གཞན་དག་གིས་ཤོག་དངུལ་བཟོས་ཏེ་བེད་སྤྱོད་བྱས་ནས་སྔར་ལས་ཧ་ཅང་སྟབས་ཇེ་བདེ་རུ་ཕྱིན་ཡོད་པས། སྤྱི་ལོ༡༩༡༢ལོར་ནས་བཟུང་། བོད་ས་གནས་སྲིད་གཞུང་གིས་ཤོག་བུའི་དངུལ་ལོར་དཔར་མགོ་བརྩམས་ཤིང་། ཤོག་དངུལ་ཊམ་ལྔ་དང་། ཊམ་བཅུ་ཐམ་པ། ཊམ་ཉི་ཤུ་རྩ་ལྔ། ཊམ་ལྔ་བཅུ་ཐམ་པ་བཅས་དཔར་འགྲེམ་བེད་སྤྱོད་བྱས། སྔོན་ཐོན་རྣམས་ལ་གསང་རྟགས་ཆུ་ཡིག དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་འཁོད་པ་དང་། རྗེས་ཐོན་རྣམས་ལ་དགའ་ལྡན་ཕོ་བྲང་ཞེས་པ་ལས་མེད། ཤོག་བུ་ཐོག་མར་ལྷ་ས་རང་ནས་བཟོས་པ་དང་། རྗེས་སུ་ཤོག་བུ་རྣམས་དྭགས་པོ་སྐྱེམས་སྟོང་དུ་བཟོས་པ་རེད། ཤོག་དངུལ་གྱི་ཐོག་མའི་པར་གཞི་རྣམས་ཤིང་ཐོག་ཏུ་བརྐོས་ནས་ལག་པས་བཙིར་ཐོག་པར་བསྐྲུན་བྱེད། རྗེས་སུ་རྒྱ་གར་ཀ་ལི་ཀ་ཏར་སློབ་སྦྱོང་གིས་འཕྲུལ་འཁོར་དང་། པར་གཞི་རྣམས་ཟངས་ལེབ་སྟེང་ཚག་བརྐོས། ཚོས་རྣམས་ཀྱང་རྒྱ་གར་ནས་ཐོན་པ་དང་། མདོག་གཅིག་ཅན་ནས་ཁ་དོག་གཉིས་དང་གསུམ་ལྡན་པར་བྱས་ཤིང་། རི་མོའི་མཛེས་རིས་ཀྱང་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་སོང་སྟེ། བྱ་ཁྱུང་དང་། འབྲུག སེང་གེ གླང་པོ་ཆེ་སོགས་སྟོབས་དང་དཔའ་རྩལ་མཚོན་པར་བྱེད་པའི་སྲོག་ཆགས་ཀྱི་གཟུགས་རིས་བཀོད་ཡོད་ལ། རི་མོ་དག་གི་ཚགས་ཇེ་ཞིབ་དང་། གཟུགས་རིས་ཇེ་ལེགས་སུ་བཏང་བས། དངོས་གནས་ཞིབ་འཇུག་གི་རིན་ཐང་གལ་ཆེན་ལྡན།
གཤམ་ནས་རེ་རེ་བཞིན་རི་མོ་དང་བཅས་ཏེ་ངོ་སྤྲོད་པར་བྱའོ།
ཊམ་ལྔ་བཅུའི་ཤོག་དངུལ།
ཚོས་གཞི་སྔོན་པོ། མདུན་ལ་སེང་གེ་ཁ་འཕྲད། སྟེང་དུ་གངས་ལྗོངས་བོད་རྒྱལ་ཁབ་ཆེན་པོའི་ལུགས་ཟུང་ཆབ་སྲིད་དབུ་བརྙེས་ཀྱི་ལོ་ཆིག་སྟོང་དྲུག་བརྒྱ་ལྔ་བཅུ་ང་དགུ། ཐོད་ཀྱི་ཟུར་གཉིས་ལ་ཊམ། གཤམ་དུ་ཕུན་ཚོགས་སྡེ་བཞིའི་དཔལ་མངའ་ཕན་བདེའི་སྤྱི་ནོར་ཆོས་སྲིད་གཉིས་ལྡན་རབ་བྱུང་བཅོ་ལྔ་པའི་ཤོག་དངུལ། གཤམ་མཐའ་གཉིས་སུ་ལྔ་བཅུ་འཁོད་པ་དང་། གཡས་སུ་སྦུག་དམ་དམར་པོ།གཡོན་དུ་དངུལ་ཁང་དམ་ཕྲུག་ནག་པོ། རྒྱབ་ཏུ་ཚེ་རིང་དྲུག་སྐོར་གྱི་རི་མོ་བཅས་ཡོད།
ཊམ་ཉི་ཤུ་རྩ་ལྔ།
ཚོས་གཞི་སེར་པོ། མདུན་དཀྱིལ་དུ་སེང་གེ་གདོང་ཕྱིར་ཕྱོགས་པ། གོང་གཤམ་གྱི་ཚིག་བརྗོད་ཚང་མ་ཊམ་ལྔ་བཅུའི་ཤོག་དངུལ་དང་གཅིག་པ། ཡས་ཟུར་གཉིས་ལ་ཊམ། མས་ཟུར་གཉིས་ལ་ཉི་ཤུ་རྩ་ལྔ། རྒྱབ་ཏུ་མཐུན་པ་སྤུན་བཞིའི་ལོ་རྒྱུས་ཅན་གྱི་རི་མོ་ཡོད། ཊམ་འདིའི་པར་ནི་ཤིན་ཏུ་དཀོན་པས་ལག་ཏུ་མ་སོན།
ཊམ་བཅོ་ལྔ།
ཚོས་གཞི་རྒྱ་སྨུག སེང་གེ་ནོར་གཞོང་ཐོགས་པ། གོང་གཤམ་བརྗོད་ཚིག་ཊམ་ལྔ་བཅུའི་ཤོག་དངུལ་དང་གཅིག་པ། ཡས་ཟུར་གཉིས་ལ་ཊམ། མས་ཟུར་གཉིས་ལ་བཅོ་ལྔ། རྒྱབ་ཏུ་རྫས་བརྒྱུད་བུམ་གཟུགས་ཀྱི་རི་མོ་ཡོད།
ཊམ་བཅུ།
ཚོས་གཞི་མཚལ་ཁ། མདུན་དཀྱིལ་དུ་སེང་གེ་ཉལ་སྟངས་གདོང་ཕྱིར་ཕྱོགས་པ། གོང་གཤམ་གྱི་བརྗོད་ཚིག་ཊམ་ལྔ་བཅུའི་ཤོག་དངུལ་དང་གཅིག་པ། ཡས་ཟུར་གཉིས་ལ་ཊམ། མས་ཟུར་གཉིས་ལ་བཅུ། རྒྱབ་ཏུ་རྟགས་བརྒྱད་བུམ་གཟུགས་ཀྱི་རི་མོ་ཡོད།
ཊམ་ལྔ།
ཚོས་གཞི་ལྗང་སྐྱ། མདུན་དཀྱིལ་དུ་བུམ་པའི་འཁྲིས་སེང་གེ་ཙོག་སྡོད་གདོང་ཕྱིར་ཕྱོགས་པ། མགོ་གཤམ་བརྗོད་ཚིག་ཊམ་ལྔ་བཅུའི་ཤོག་དངུལ་དང་གཅིག་པ། ཡས་ཟུར་གཉིས་ལ་ཊམ། མས་ཟུར་གཉིས་ལ་ལྔ། རྒྱབ་ཏུ་གཞོང་པའི་ནང་འདོད་ཡོན་སྣ་ལྔའི་རི་མོ་ཡོད།
རྗེས་ཐོན་ཊམ་ལྔ་བཅུའི་ཤོག་དངུལ་ཚོན་ཁྲ་མ།
མདུན་དཀྱིལ་དུ་སེང་གེ་གཉིས་ཁ་འཕྲད་ཡོད་པ། མགོར་གངས་ལྗོངས་བོད་རྒྱལ་ཁབ་ཆེན་པོའི་ལུགས་ཟུང་ཆབ་སྲིད་དབུ་བརྙེས་ཀྱི་ལོ་ཆིག་སྟོང་དྲུག་བརྒྱ་བརྒྱད་ཅུ་གྱ་ལྔ། གཤམ་དུ་བརྗོད་བྱ་བྱིངས་ཊམ་ལྔ་བཅུའི་ཤོག་དངུལ་དང་གཅིག་ཀྱང་། རབ་བྱུང་བཅུ་དྲུག་པའི་ཤོག་དངུལ། རྒྱབ་ཏུ་སྟག་སེང་ཁྱུང་འབྲུག་གི་རི་མོ་ཡོད། སྤྱི་ལོ༡༩༢༦ལོར་ཐོན།
དངུལ་སྲང་བཅུའི་ཤོག་དངུལ།
ཚོས་གཞི་སྔོ་དམར། མདུན་དཀྱིལ་དུ་སེང་གེ་སེང་ཕྲུག་ཁྲིད་པ། གོང་བརྗོད་ཊམ་ལྔ་བཅུའི་ཤོག་དངུལ་དང་གཅིག་པ་ལ། ལོ་ཆིག་སྟོང་དྲུག་བརྒྱ་དགུ་བཅུ་གོ་གཉིས། གཤམ་བརྗོད་ཊམ་ལྔ་བཅུའི་ཤོག་དངུལ་དང་གཅིག་པ། གོང་ཟུར་གཉིས་ལ་སྲང་དང་། གཤམ་ཟུར་གཉིས་ལ་བཅུ། སྦུག་དམ་དང་། དངུལ་ཁང་དམ་ཕྲུག་སྔོན་མ་ལས་ཅུང་ཆུང་བ་ཡོད། རྒྱབ་ཏུ་མི་མཐུན་ཕྱོགས་ལས་རྣམ་རྒྱལ་དང་། མཚམས་བཞིར་འབྲུག་གི་རི་མོ། སྤྱི་ལོ༡༩༤༡ལོར་ཐོན།
དངུལ་སྲང་བརྒྱ་ཐམ་པའི་ཤོག་དངུལ།
ཚོས་གཞི་ལི་སེར། རྒྱབ་ཚོན་ཁྲ་མ། མདུན་དཀྱིལ་དུ་སེང་གེ་གཉིས་ནོར་གཞོང་འཛིན་པ། གོང་དུ་གནམ་བསྐོས་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ། གཤམ་དུ་ཆོས་སྲིད་གཉིས་ལྡན་གྱི་ཤོག་དངུལ་སྲང་བརྒྱ་ཐམ་པ། གོང་ཟུར་གཉིས་ལ་ཊམསྲང་། གཤམ་ཟུར་གཉིས་ལ༡༠༠ སྡུག་དམ་དང་དངུལ་ཁང་དམ་ཕྲུག་ཆེ་བ། རྒྱབ་ཏུ་ཚེ་རིང་དྲུག་སྐོར་གྱི་རི་མོ། སྤྱི་ལོ༡༩༣༧ལོར་ཐོན། ཤོག་དངུལ་གཞན་ལས་ཆེ་བ་ཡོད།
དངུལ་སྲང་ཉི་ཤུ་རྩ་ལྔའི་ཤོག་དངུལ།
ཚོས་གཞི་ལི་སེར། རྒྱབ་ཚོན་ཁྲ་མ། མདུན་དཀྱིལ་དུ་སེང་གེ་ལངས་སྟངས་སུ་འཁོར་ལོ་འཛིན་པ། མགོ་བརྗོད་སྲང་བརྒྱའི་ཤོག་དངུལ་དང་མཚུངས། གཤམ་དུ་དངུལ་སྲང་ཉི་ཤུ་རྩ་ལྔ། གོང་ཟུར་གཉིས་ལ་སྲང་། མས་ཟུར་གཉིས་ལ་ཉེར་ལྔ། རྒྱབ་ཏུ་མཐུན་པ་སྤུན་བཞིའི་ལོ་རྒྱུས་རི་མོ། སྤྱི་ལོ༡༩༥༠ལོར་ཐོན། བརྒྱ་ལོར་ལས་ཅུང་ཟད་ཆུང་བ་ཡོད།
དངུལ་སྲང་ལྔའི་ཤོག་དངུལ།
ཚོས་གཞི་སྔོ་དམར་ཅན་མདུན་དཀྱིལ་དུ་སེང་གེ་ཁ་ཕྱིར་ཕྱོགས། མགོ་བརྗོད་བརྒྱ་ལོར་དང་གཅིག་པ། གཤམ་དུ་རབ་བྱུང་བཅུ་དྲུག་པའི་ཤོག་དངུལ། མགོ་ཟུར་ལ་སྲང་། གཤམ་ཟུར་ལ་ལྔ། རྒྱབ་ཏུ་གཞི་དམར་ལ་རྫས་བརྒྱད་བུམ་གཟུགས་དང་། གཡས་གཡོན་འབྲུག་ཀེར་ལངས། སྤྱི་ལོ༡༩༥༣ལོར་ཐོན། ཤོག་དངུལ་གྱི་མཐའ་མ་ཡིན་ནོ། །
མདོར་ན། བོད་ས་གནས་སྲིད་གཞུང་གིས་སྤྱི་ལོ༡༧༩༢ལོ་ནས༡༩༥༤ལོའི་བར་གྱི་ལོ་ངོ༡༦༠ལྷག་གི་རིང་ལ་སྔ་རྗེས་སུ་དངུལ་ཊམ་དང་ཟངས་ཊམ། གསེར་ཊམ་བཅས་ཀྱི་དངུལ་ལུགས་བརྒྱབས་པ་དང་ཤོག་དངུལ་ཡང་པར་སྐྲུན་བྱས་མྱོང་། ཡིན་ནའང་དེ་དག་བཟོ་ཡུན་ཐུང་བའི་ཐོག་འཁོར་རྒྱུག་གི་ས་ཁོངས་ལ་ཚད་བཀག་ཡོད་པར་བརྟེན། གྲངས་འབོར་ཧ་ཅང་ཉུང་ཉུང་ཡིན་པས་འཛམ་གླིང་དངུལ་ལོར་ཁྲོད་ཀྱི་རྩ་ཆེའི་རིགས་རྒྱུད་ཅིག་ཏུ་གྱུར་ཞིང་ཉར་ཚགས་བྱེད་རིན་ཆེན་པོ་ཡོད་པར་ཆགས་ཡོད། དེ་མིན་བོད་ཀྱི་དམངས་ཁྲོད་ནས་ཕན་ཚུན་ལ་དངུལ་སིལ་མ་སྤྲོད་ཆེད་ཕྱེད་གཉིས་སུ་གཅོད་གཏུབ་བྱེད་པའི་སྣང་ཚུལ་བྱུང་བས། བོད་ཊམ་ཧྲིལ་པོ་ཆ་ཚང་ཅན་ཤིན་ཏུ་མཐོང་དཀོན་པ་དང་ཀྲུང་གོའི་ས་གནས་ཀྱི་འགྲོ་རྒྱུག་དངུལ་ལོར་ཁྲོད་ཡ་མཚན་ཆེ་བའི་སྣང་ཚུལ་ཞིག་ཏུ་གྱུར་ཡོད། བོད་ཊམ་གྱི་རིག་གནས་འདི་ལྟ་བུར་མཚོན་ན་ད་ལྟའི་ཆར་འདི་ཉིད་དངོས་རྫས་རྙིང་པའི་ཟོལ་གྱིས་ཉོ་ཚོང་བྱེད་པ་ལས། འདིའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་། འཕེལ་འགྲིབ་ཀྱི་གནས་སྟངས་ལ་དོ་སྣང་བྱེད་མཁན་ཉིན་མོའི་སྐར་མ་ཙམ་མོ། བོད་ཀྱི་ཉེ་རབས་ལོ་རྒྱུས་ལ་ཞིབ་འཇུག་གི་རིན་ཐང་གལ་ཆེན་ལྡན་ནའང་ད་ལྟའི་བར་དུ་བོད་ཡིག་གི་ལམ་ནས་བོད་ཀྱི་དངུལ་ལོར་ཞིབ་འཇུག་དང་། ངོ་སྤྲོད་བྱེད་པའི་ཆེད་རྩོམ་རེ་གཉིས་ལས་མ་མཐོང་མོད། ཡིན་ནའང་རྒྱ་ཡིག་གི་ལམ་ནས་རང་སྡེའི་དངུལ་ལོར་ཞིབ་འཇུག་གི་དཔེ་དེབ་སྣ་ཚོགས་དང་ཆེད་རྩོམ་ཅི་རིགས་ཡོད་པར་མ་ཟད། ད་དུང་དེའི་སྐོར་ལ་ཞིབ་འཇུག་དང་ངོ་སྤྲོད་འདྲ་མིན་ཀྱང་སྔ་མོ་ནས་བགྱིས་ཡོད། ཁོ་བོས་ད་ཐེངས་འདིར་བཀོད་པའི་ངོ་སྤྲོད་དམ་ཟིན་བྲིས་ལྟ་བུར་ཆ་མཚོན་ན་གཅིག་ནས་དཔྱད་གཞིའི་ཡིག་ཆ་ལག་ཏུ་སོན་དཀའ་བ་དང་གཉིས་ནས་རང་ཉིད་ཀྱི་སྐྱེས་སྦྱངས་ཀྱི་ཤེས་རབ་དམན་པ། མཐོང་རྒྱ་དང་ཐོས་རྒྱ་ཆུང་བ་སོགས་ལ་བརྟེན་བོད་ཊམ་འགའི་རྒྱབ་ལྗོངས་ཀྱི་ལོ་རྒྱུས་བསྡུས་དྲགས་པ་དང་། དུས་ནམ་བྱུང་གི་ལོ་ཚིགས་འཛོལ་བ། དེའི་མཚོན་དོན་དང་བྱེད་ནུས་རྒྱས་བསྡུས་མི་འཚམ་པའམ་གཙོ་གནད་བཏུས་མ་ཐུབ་པ། ཚིག་ལ་དོན་ཆད་དང་ནོར་འཁྲུལ་སོགས་ཀྱི་སྐྱོན་ཆ་ཡོང་ངེས་པས། གཟུར་གནས་བློ་ལྡན་རྣམས་ཀྱིས་དགོངས་འཆར་ལྷུག་རྩོལ་ཡོང་བའི་རེ་བ་རྩེ་གཅིག་ཏུ་ཞུ།
Leave a Reply