འཆད་ཉན་བྱེད་པའི་བཀའ་བསྟན་ལུང་ཆོས་དེ་དག་བརྒྱུད་པ་ཡིན་མིན་སྐོར།

༄༅། །འཕགས་ཡུལ་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་སུ་འཆད་ཉན་བྱེད་པའི་བཀའ་བསྟན་ལུང་ཆོས་གང་དག་ཡིན་པ་དང་དེ་དག་གི་བརྒྱུད་པ་གང་ཡིན་པ།

༡༽ འཆད་ཉན་བྱ་རྒྱུའི་ལུང་གི་ཆོས། དང་པོ་གང་ཞིག་འཆད་ཉན་བྱ་རྒྱུའི་ལུང་གི་ཆོས་ནི་རྩོད་དུས་ཀྱི་རྣམ་འདྲེན་བཞི་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་ཉིད་ཀྱིས་སྐུ་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་རིགས་ཅན་གསུམ་གྱི་གདུལ་བྱ་འཁོར་དུ་བསྡུས། ཐུགས་ཀུན་ཏུ་བརྗོད་པའི་ཆོ་འཕྲུལ་གྱིས་དེ་རྣམས་ཀྱི་ཁམས་དབང་མོས་པ་མཁྱེན། གསུང་རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་ཐེག་པ་ཆེ་ཆུང་གི་ཟབ་པ་དང་རྒྱ་ཆེ་བའི་ཆོས་འཁོར་བསྐོར་ནས་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་པ་ན། བཀའི་བསྡུ་བ་པོ་རྣམས་ཀྱིས་བསྡུས། ཟུང་བཞི་ཡ་བརྒྱད་ཀྱི་འཕགས་པ་དང་གྲུབ་ཐོབ་རྣམས་ཀྱིས་བསྒོམས་པས་འབྲས་བུའི་རྟོགས་པ་བརྙེས། མཁས་དབང་པཎྜི་ཏ་རྣམས་ཀྱིས་འཆད་པ་དང༌། རྩོད་པ་དང༌། རྩོམ་པ་བཅས་མཛད་དེ། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ་རྣམ་པར་དག་པ་དེ་ཉིད། བོད་གངས་ཅན་གྱི་ལྗོངས་སུ་ཆོས་སྐྱོང་བའི་རྒྱལ་པོའི་བཀའ་ཡིས་བསྐུལ་ཏེ་སྤྲུལ་པའི་ལོ་ཙཱ་བ་ཆེན་པོ་རྣམས་ཀྱིས་བསྒྱུར་ཅིང་སྤེལ་བར་མཛད་པ་ལ།མཁས་པ་རྣམས་ལ་ཡོངས་སུ་གྲགས་པའི་གཙོ་བོ་དགོངས་འགྲེལ་གྱི་བསྟན་བཅོས། མཚན་ཉིད་པ་སྤྱི་ལ་གྲགས་པ་ལྟར་ན།

དབུ་མ་དང༌། ཕར་ཕྱིན། འདུལ་བ། མངོན་པ་སྟེ། པོད་བཞི་དང༌། རྫོགས་ཆེན་ཕྱོགས་ལ་གྲགས་པ་ལྟར་ན། སྤྱོད་འཇུག་དང༌། སོར་མདོ། འདུལ་བ་མདོ་རྩ་གསུམ། དབུ་མ་རྩ་འཇུག་བཞི་གསུམ་རིགས་ཚོགས་བཅས་དང༌། མངོན་པ་མཛོད་དང་ཀུན་བཏུས་གཉིས། བྱམས་པའི་ཆོས་སྡེ་ལྔ་བཅས་གཞུང་ཆེན་བཅུ་གསུམ་དང༌། ཡང་ས་སྐྱ་ལྷ་ཁང་ཆེན་མོའི་ཆོས་གྲྭ་ནང་གྲགས་པ་ལྟར་ན། དབུ་མ་རྩ་ཤེས་གཙོས་རིགས་ཚོགས་ལྔ་དང། དབུ་མ་འཇུག་པ། བཞི་བརྒྱ་པ། གཏམ་ཚོགས་བཅས་ནི་དབུ་མའི་པོད་དང༌། སྤྱོད་འཇུག་དང༌། བྱམས་ཆོས་སྡེ་ལྔ་བཅས་ནི་ཕར་ཕྱིན་གྱི་པོད་དང༌། སོ་སོར་ཐར་པའི་མདོ་དང༌། མདོ་རྩ་བ། ཀཱ་རི་ཀ་ཆེ་ཆུང་བཅས་ནི་འདུལ་བའི་པོད་དང༌། མངོན་པ་མཛོད་དང༌། ཀུན་བཏུས་བཅས་ནི་མངོན་པའི་པོད་དང༌། ཚད་མ་ཀུན་བཏུས་དང༌། རྣམ་འགྲེལ། རྣམ་ངེས་བཅས་ནི་ཚད་མའི་པོད་དང༌། ཚད་མ་རིགས་གཏེར་དང༌། སྡོམ་གསུམ་རབ་དབྱེ་གཉིས་ནི་གསུང་རབ་སྤྱིའི་པོད་བཅས་པོད་ཆེན་དྲུག་དང་ནང་གི་དབྱེ་བ་བྱས་པ་ན་གྲགས་ཆེན་བཅོ་བརྒྱད་ཅེས་པ་རྣམས་སོ། །

༢༽ བརྒྱུད་པ་གང་དང་གང་ཞིག་ཡིན་པ། གཉིས་པ་དེ་དག་གི་བརྒྱུད་པ་གང་དག་གང་ཞིག་ཡིན་པ་ནི། གངས་ཅན་ལྗོངས་སུ་བསྟན་པ་སྔ་དར་དང༌། བར་དར། ཕྱི་དར་ཚང་མའི་མདོ་ཕྱོགས་ཀྱི་བཤད་ཁྲིད་ཀྱི་རྒྱུན་ཕལ་ཆེར་ནི་རྔོག་ལེགས་པའི་ཤེས་རབ་ཀྱིས་ཆག་བཏབ་པ་ལ་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་གདན་ས། གངས་ལྗོངས་རིག་པའི་འབྱུང་གནས་ཞེས་པའི་ཆོས་སྡེ་ཆེན་པོ་གསང་ཕུ་ནེའུ་ཐོག་ཏུ་བཞུགས་པ་ལ། དེ་ཡི་བཤད་ཁྲིད་ཀྱི་རྒྱུན་ཕལ་ཆེར་དབུས་གཙང་ཁམས་གསུམ་དུ་འཕེལ་ཞིང་དེ་ཡང་ཕྱོགས་རེའི་སྒོ་ནས་དཔྱད་ན་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་དབུ་མའི་གཞུང་འཛིན་ཅིང་སྤེལ་བ། འཕགས་ཡུལ་དུ་དབུ་མ་རང་རྒྱུད་དང་ཐལ་འགྱུར་གྱི་ལུགས་གཉིས་བྱུང་བ་ལ། རྔོག་ལོ་ཆེན་པོས་རང་རྒྱུད་ཀྱི་ལུགས་དང༌ཡིག་ཆ་བསྒྱུར་ཅིང་གསང་ཕུའི་ཆོས་སྡེ་ནས་སྤེལ་བ་དང༌། པ་ཚབ་ལོ་ཙཱ་བ་ཉི་མ་གྲགས་ཀྱིས་དབུ་མ་ཐལ་འགྱུར་བའི་གཞུང་དང་ལམ་སྲོལ་བསྒྱུར་ཏེ། པ་ཚབ་ཀྱི་བུ་ཆེན་བཞི་བརྒྱུད་ནས་སྤེལ་བའི་དབུ་མའི་ཁྲིད་རྒྱུན་དང༌།

ཡང་འཕགས་ཡུལ་གྱི་པཎྜི་ཏ་ཇོ་བོ་སྨྲི་ཏི་ཛྙ་ན་འདན་ཀློང་ཐང་སྒྲོལ་མའི་ལྷ་ཁང་གི་ཕྱོགས་སུ་ཕེབས་ནས། སློབ་མ་ཁ་ཤས་ལ་མངོན་པ་མཛོད་བསྒྱུར་ཏེ་ཁྲིད་མཛད་པའི་མངོན་མཛོད་ཁམས་ལུགས་སུ་གྲགས་པ་དང༌། ཆོས་རྗེ་ས་པཎ་གྱིས་དག་སྣང་དུ་དབྱིག་གཉེན་ལས་གསན་ཞིང༌། རྗེས་མ་ཁ་ཆེའི་པཎ་ཆེན་ལས་ཀྱང་གསན་པ་སྟེ། སྟོད་སྨད་ཀྱི་རྒྱུན་གཉིས་ཀ་འདྲེས་ནས་མཆིམས་ཆེ་ཆུང་ལས་བརྒྱུད་པའི་མངོན་པའི་ཁྲིད་རྒྱུན་དང༌།ཡང་སློབ་དཔོན་ཕྱོགས་གླང་དང་ཆོས་གྲགས་ཀྱི་གཞུང་ཚད་མ་ཀུན་བཏུས་དང༌། སྡེ་བདུན་འགྲེལ་པ་དང་བཅས་པ་ལས། ཐོག་མར་རྔོག་ལོ་ཆེན་པོས་ཁ་ཆེའི་པཎྜི་ཏ་སྐར་རྒྱལ་ལས་ཚད་མ་རྣམ་ངེས་འགྲེལ་བ་བཅས་གསན་ཏེ་བསྒྱུར་ཅིང་གསང་ཕུའི་སྡེ་བརྒྱུད་སྤེལ་བ་ལ་བོད་ཀྱི་ཚད་མ་སྔ་རབས་པ་ཞེས་སུ་གྲགས་པ་དང༌།རྗེས་སོར་ཁྲོ་ཕུའི་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་གདན་དྲངས་ཏེ། ཁ་ཆེའི་པཎྜི་ཏ་ཤཱཀྱ་དཔལ་བཟང་པོ་པཎ་ཆུང་མང་པོའི་འཁོར་དང་བཅས་བོད་དུ་བྱོན་པ་ན། ཁོང་དཔོན་སློབ་ཀྱི་ཞལ་སྔ་ནས། ཆོས་རྗེ་ས་པཎ་གྱིས་ཚད་མ་སྡེ་བདུན་མདོ་དང་བཅས་པ་རྩ་བ་དང་འགྲེལ་པ། འགྲེལ་བཤད་བཅས་ཚང་མ་གསན་ཞིང་བསྒྱུར་བ་དང༌། འཆད་ཚུལ་ཐུན་མོང་མ་ཡིན་པའི་སྒོ་ནས་ཚད་མ་རིགས་གཏེར་རང་འགྲེལ་བཅས་བརྩམས། བཤད་ཁྲིད་ཀྱི་རྒྱུན་སྤེལ་བ་ལ་ཚད་མ་ཕྱི་རབས་པ་ཞེས་སུ་གྲགས་པ་སྟེ། དེ་ཚད་མའི་བཤད་ཁྲིད་ཀྱི་རྒྱུན་ཐམས་ཅད་གཅིག་ཏུ་འདུས་པ་ནི། གཙོ་བོ་གཡག་རོང་གཉིས་ཀྱི་སློབ་མ་ཀུན་མཁྱེན་སངས་རྒྱས་འཕེལ་དང་། ཁོང་གི་སློབ་མ་ཀུན་མཁྱེན་གོ་རམས་པ་བསོད་ནམས་སེངྒེ་ནས་གཙང་རྟ་ནག་ཐུབ་བསྟན་རྣམ་རྒྱལ་གླིང་གི་ཆོས་སྡེ་དང་།

དེ་ལས་མཆེད་ནས་ས་སྐྱའི་ལྷ་ཁང་ཆེན་མོའི་ཆོས་གྲྭ་སོགས་སུ་བྱུང་བ་དང༌།ཡང་ཞེ་ཆེན་དགོན་པ་ཆག་འདེབས་པ་པོ་ཞེ་ཆེན་རབ་འབྱམས་སྐུ་ཕྲེང་དང་པོ་ཐོག་མར་དབུས་སུ་བྱོན། འབྲས་ཡུལ་སྐྱེད་ཚལ་གྱི་ཆོས་གྲྭའི་ནང་བཞུགས་ཏེ་མཚན་ཉིད་སྦྱངས་པ་ན་བཀའ་བཅུ་རབ་འབྱམས་པ་ཐོན་པ་དང༌། དེ་རྗེས་གྲུབ་དབང་རྫོགས་ཆེན་པའི་སློབ་མར་གྱུར། ཁོང་གི་བཀའ་དྲིན་གྱིས་ཞེ་ཆེན་དང་རྫོགས་ཆེན་དགོན་དུ་མཚན་ཉིད་ཀྱི་བཤད་གྲྭ་བྱུང་། དེ་ཡང་རྫོགས་ཆེན་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེའི་ཐུགས་བཞེད་ལྟར། རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་རྫོགས་ཆེན་དགོན་དུ་ཐོག་མར་འདུལ་བ་གཞི་གསུམ་གྱི་ཕྱག་ལེན་བཙུགས། དེ་ནས་སུམ་རྟགས་དག་ཡིག་སོགས་ནས་སྡོམ་གསུམ་རྣམ་ངེས་དང༌། དབུ་མ། ཕར་ཕྱིན། འདུལ་བ། མངོན་པ་རྣམས་ཀྱི་བཤད་ཁྲིད་བསྐྱངས་ནས་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་དང༌། དབོན་པོ་ཨོ་རྒྱན་བསྟན་འཛིན་ནོར་བུ་སོགས་རྒྱུན་འཛིན་མང་པོ་བྱུང་ཞིང་། དེ་དག་གི་སློབ་མ་གཞན་ཕན་བྱམས་པའི་གོ་ཆའམ་མཁན་པོ་གཞན་དགའ་ལས་བརྒྱུད་པ་སྟེ་ཁོང་ནི་རྫོང་སར་ཁམས་བྱེ་བཤད་གྲྭའི་མཁན་པོ་ཐོག་མ་ཡིན་པ་རེད།

ཡང་མཁན་པོ་གཞན་དགའི་སློབ་མའི་གཙོ་བོ་དབོན་སྟོད་མཁྱེན་རབ་ཆོས་ཀྱི་འོད་ཟེར་གྱིས་ཀུན་མཁྱེན་སངས་རྒྱས་འཕེལ་གྱི་ཁྲིད་རྒྱུན་འབྲས་ཡུལ་སྐྱེད་ཚལ་ནས་གཙང་རྟ་ནག་ཐུབ་བསྟན་རྣམ་རྒྱལ་གླིང་དུ་འཕེལ་བ་དེ་ཉིད། འཇམ་དབྱངས་བློ་གཏེར་དབང་པོ་ལས་དང༌། ཁམས་ཞེ་རྫོགས་ཀྱི་ཕྱོགས་སུ་འཕོས་པ་ནི། མཁན་པོ་གཞན་དགའ་ལས་གསན་ནས་བརྒྱུད་པ་གཉིས་གཅིག་ཏུ་གྱུར། ཁོང་གི་སློབ་མའི་གཙོ་བོ་མདོ་སྲིབ་པ་ཐུབ་བསྟན་རྒྱལ་མཚན་མཆོག་དང་མཁན་པོ་མཁྱེན་རབ་ཀྱི་ཞལ་སྔ་ནས། མཁན་ཆེན་ཀུན་དགའ་དབང་ཕྱུག་གིས་གཞུང་བཀའ་པོད་དྲུག་དང༌། གཞན་ཡང་ས་སྐྱའི་བཀའ་འབུམ། ངོར་ཆེན་བཀའ་འབུམ། དཀོན་མཆོག་ལྷུན་གྲུབ་ཀྱི་བཀའ་འབུམ། ལམ་འབྲས་ཀྱི་རྣམ་ཐར་སྐོར་སོགས་དང་ཚད་མ་ཀུན་བཏུས་དང༌། རྣམ་འགྲེལ། རིགས་གཏེར་རང་འགྲེལ་བཅས་གསན་པའི་བརྒྱུད་པ་དང་། ཡང་ཞི་བ་ལྷའི་བསླབ་བཏུས་དང༌། སྐྱེས་རབས་སོ་བཞི་པ། ཀརྨས་ཁ་བསྐོང་བ་ཅན་དང༌། དངུལ་ཆུ་ཐོགས་མེད་ཀྱི་གསུང་འབུམ་དང༌། མདོ་རྒྱན་འགྲེལ་པ། ཆགས་མེད་རི་ཆོས་དྭགས་པོའི་ཐར་རྒྱན། རོང་སྟོན་གྱི་ཤེར་ཕྱིན་འགྲེལ་པ་བཅས་ནི། མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཞལ་སྔ་ནས་མཁན་ཆེན་ཀུན་དགའ་དབང་ཕྱུག་གིས་གསན་པའི་བརྒྱུད་པ་འདི་རྣམས་ནི་ཕལ་ཆེར་ཉེ་བརྒྱུད་ཡིན་པ་འདྲ་འདུག

དེ་ལས་གཞན་ཡང་མཁན་ཆེན་ཁོང་གིས་སྡོམ་གསུམ་རྣམ་ངེས་ནི། འཁྲུལ་ཞིག་རིན་པོ་ཆེ་ལས་དང༌། ཚད་མ་རྣམ་ངེས་དང༌། དབུ་མ་རིན་ཆེན་ཕྲེང་བ། ལྷ་ལས་ཕུལ་བྱུང་དང༌། ཁྱད་པར་འཕགས་བསྟོད་རྣམས་ནི་བཅོ་བརྒྱད་ཁྲི་རིན་པོ་ཆེ་ལས་སོ། །དེ་དག་ནི་བརྒྱུད་པ་གང་དང་གང་ཞིག་ཡིན་པའི་ཚུལ་ལོ། །

མཁན་ཆེན་ཀུན་དགའ་དབང་ཕྱུག་གི་གསུང་འབུམ་ལ་གཞི་བྱས་ཏེ་བཀོད་པའོ། །

གཞན་ལས་བཤུས

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*