ས་སྐྱ་པའི་སྐབས་ཀྱི་ལོ་རྒྱུས་བཤད་པ།

དང་པོ།  ས་སྐྱ་པའི་གདུང་རབས་བྱུང་ཚུལ་སྐོར་བཤད་པ།
   དེ་ཡང་གོང་དུ་སྨྲས་པ་བཞིན་བོད་སིལ་བུའི་སྐབས་སུ་ཁ་བའི་ལྗོངས་འདིར་གཅིག་གྱུར་གྱི་སྲིད་དབང་མེད་པར་ལོ་བརྒྱ་ཕྲག་འགའ་སོང་བས་བོད་ཀྱི་སྲིད་འབྱོར་ཐད་འཕེལ་རྒྱས་ཆེན་པོ་མ་བྱུང་ཡང་ཆོས་དང་རིག་གནས་ཐད་དར་རྒྱས་ཅུང་ཆེན་པོ་བྱུང་བ་ཡིན་ཏེ།  སྐབས་དེར་བོད་རང་ལ་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་གྲུབ་མཐའི་སྲོལ་འབྱེད་མང་པོ་རིམ་པར་བྱོན་ནས་བོད་ལ་གྲུབ་མཐའ་སྣ༌ཚོགས་ཀྱི་སྲོལ་བཏོད་པར་བརྟེན།  གྲུབ་མཐའ་དེ་དག་གིས་རང་རང་ས་ནས་ཆོས་སྲིད་དཔལ་འབྱོར་གྱི་སྟོབས་ཤུགས་རེ་བཟུང་སྟེ་སོ་སོའི་མངའ་ཁོངས་བསྐྱངས།  སྤྱི་ལོའི་དུས་རབས་བཅུ་གསུམ་པའི་མགོ་ཙམ་ལ་བོད་དང་རྒྱ་ནང་བཅས་ཀྱི་ཆབ་སྲིད་ལ་འགྱུར་ལྡོག་ཆེན་པོ་བྱུང་སྟེ།  རྒྱ་ནང་དུ་སྔར་གྱི་སུང་རྒྱལ་རབས་གཙོས་པའི་རྒྱལ་ཕྲན་དུ་མ་ཡོད་པ་རྣམས་བྱང་ཕྱོགས་ནས་གསར་དར་བྱུང་བའི་ཧོར་རྒྱལ་པོའི་དྲག་དཔུང་གིས་ཆབ་འོག་ཏུ་བསྡུས་ནས་གཅིག་གྱུར་གྱིས་དབང་སྒྱུར་བྱས་ཤིང༌།  རང་རེའི་བོད་ལ་ས་སྐྱ་པས་ཧོར་གོང་མའི་རྒྱབ་སྐྱོར་ལ་བརྟེན་ནས་བོད་ཁམས་ཡོངས་རྫོགས་སླར་ཡང་གཅིག་གྱུར་བྱས་ཏེ་ཆོས་སྲིད་ལུགས་གཉིས་ཀྱིས་དབང་སྒྱུར་བྱས་པ་ཡིན་ལ། དེ་ལ་འདིར་ཐོག་མར་ས་སྐྱའི་གདུང་རབས་བྱུང་ཚུལ་སྐོར་ཅུང་ཟད་བརྗོད་པར་བྱ་སྟེ།
   དང་པོ་ཐོག་མའི་གདུང་རྒྱུད་བྱོན་ཚུལ་ནི། དེ་ཡང་ས་སྐྱ་པའི་གདུང་རྒྱུད་བྱུང་ཚུལ་སྐོར་ལ་བོད་ཀྱི་ལོ་རྒྱུས་དེབ་ཐེར་དང་ཆོས་འབྱུང་གདུང་རབས་བཅས་སུ་གདུང་རྒྱུད་འོད་གསལ་ལྷ་ལས་བབས་ཤིང་རུས་ནི་དྲི་མེད་འཁོན་དུ་གྲགས་ཞེས་འབྱུང་སྟེ། 《ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་》ཅེས་པར་དེ་ལ་འདིའི་རིགས་ནི་བོད་དུ་བྲམ་ཟེའི་རིགས་སུ་གསལ་བ་མ་བྱུང་བས། རྒྱལ་རིགས། རྗེའུ་རིགས། དམངས་རིགས་གསུམ་ལས། ཞང་བློན་རྗེའུ་རིགས་ཡིན་ཏེ། རུས་ནི་བོད་ཀྱི་རུས་ཆེན་བཞི་དང༌།  མིའུ་རིགས་དྲུག་ཏུ་གྲགས་པ་སོགས་ལས་འཆད་(ཆད་)པ་མ་ཡིན་གྱིས།  གདུང་རུས་གཙང་མ་ལྷ་ལས་བབས་པ་ཡིན་ཏེ་①ཞེས་གནམ་ལྷ་སྤྱི་རིང་དང་གཡུ་རིང་གཡུ་སེ་བྱ་བའི་མཆེད་གསུམ་མི་ཡུལ་དུ་བབས་པ་ལ། ཆུང་བ་གཡུ་སེས་མིའི་རྗེ་མཛད་པས་དེ་ལ་སྲས་བཞི་བྱུང་ཞིང་དེ་དག་གིས་ལྡོང་རུས་ཆེན་བཅོ་བརྒྱད་དང་འཐབ་པས་ལྡོང་བཏུལ་ནས་བྲན་དུ་བཀོལ། བར་པ་གཡུ་རིང་གིས་རུས་དམུ་ཅན་གྱི་བུ་མོ་དམུ་ཟ་ལྡེམ་བུ་བྱ་བ་ཁབ་ཏུ་བཞེས་པས་སྲས་མ་སངས་སྤུན་བདུན་གྲགས་པ་བྱུང་ལ། དེའི་སྔ་མ་དྲུག་ལྷ་ཡུལ་དུ་གཤེགས་ཤིང་ཐ་ཆུང་མ་སངས་སྤྱི་རྗེ་བྱ་བ་མི་ཡུལ་དུ་བཞུགས་ནས་ཐོག་ལྷ་འོད་ཅན་གྱི་བུ་མོ་ཐོག་ལྕམ་འུར་མ་བྱ་བ་ཁབ་ཏུ་བཞེས་པ་ལ་སྲས་ཐོག་ཚ་བང་པོ་སྟག་ཏུ་གྲགས་པ་བྱུང༌། དེས་ཀླུ་ལྕམ་བྲ་མ་བྱ་བ་ཁབ་ཏུ་བཞེས་པས་སྲས་ཀླུ་ཚ་སྟག་པོ་འོད་ཅན་བྱུང་ལ། དེས་མོན་བཟའ་མཚོ་མོ་རྒྱལ་བྱ་བ་ཁབ་ཏུ་བཞེས་པ་ལ་སྲས་གཡའ་སྤང་སྐྱེས་སུ་གྲགས་པ་བྱུང༌། འདིས་སྲིན་པོ་སྐྱ་རེངས་ཁྲག་མེད་བྱ་བར་ཆུང་མ་གཡའ་འབྲུམ་སི་ལི་མ་ཟེར་བའི་མཛེས་མ་ཞིག་ཡོད་པ་ཁྱོ་བོ་བསད་དེ་མོ་ཕྲོགས་ནས་རང་གི་ཁབ་ཏུ་བསུས་པ་ལ་སྲས་གཅིག་བྱུང་བ་ལྷ་དང་སྲིན་པོ་འཁོན་པའི་བར་དུ་བྱུང་བ་ཡིན་པས་མིང་གཡའ་ཕྲུག་འཁོན་བར་སྐྱེས་ཞེས་བཏགས་ཤིང༌། དེས་གདུང་རྒྱུད་རིམ་པར་སྤེལ་བ་ལ་འཁོན་ཞེས་གྲགས་པར་བཤད་ལ་དཔེ་ཆ་ལ་ལར་མཁོན་ཞེས་བྲིས་པའང་ཡོད།  དེ་ནས་རིམ་པར་བརྒྱུད་དེ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་ནང་བློན་འཁོན་དཔལ་ཆེ་བྱ་བ་ཞིང་དེ་ལ་སྲས་འཁོན་ཀླུའི་དབང་པོ་བསྲུངས་དང་རྡོ་རྗེ་རིན་པོ་ཆེ་བྱ་བ་གཉིས་ལས། གཅེན་རབ་ཏུ་བྱུང་བ་སད་མི་བདུན་གྱི་ཡ་གྱལ་འཁོན་ཀླུའི་དབང་པོ་ཟེར་བ་ཡིན་པར་བཤད།  གཅུང་གིས་འབྲོ་བཟའ་གཡང་ལོན་སྐྱིད་བྱ་བ་ཁབ་ཏུ་བཞེས་པ་ལ་སྲས་བདུན་བྱུང་བ་དང་ཕྱིས་དེ་ཚོས་ཞང་པོ་འབྲོ་དང་འཐབ་ནས་འཁོན་ཚོ་སྟོད་སྨད་དུ་གྱེས་པར་བཤད་ལ། དེ་དག་ནས་རིམ་པར་བརྒྱུད་པ་ལ་ས་སྐྱའི་ཡང་མེས་འཁོན་ཤཱཀྱ་བློ་གྲོས་བྱ་བ་བྱོན་ཅིང་འདི་པས་ཡུལ་བྱ་ར་ལུང་པ་དང་ཤབ་སྟོད་སྨད་རྣམ་བཟུང་སྟེ་འཕྲིན་ལས་ཀྱང་ཅུང་ཆེ་ཙམ་བྱུང་བར་གྲགས་ལ།  དེ་ལ་སྲས་གཉིས་བྱུང་བ་གཅེན་འཁོན་རོག་ཤེས་རབ་ཚུལ་ཁྲིམས་དང་གཅུང་ས་སྐྱའི་མེས་པོ་གྱུར་པ་འཁོན་དཀོན་མཆོག་རྒྱལ་པོ་ཡིན་པར་བཤད།
  དེ་ལྟར་བཀོད་མ་ཐག་པའི་ས་སྐྱའི་གདུང་རྒྱུད་བྱུང་ཚུལ་ནི་བོད་ཐུན་མོ་དང་མི་གཅིག་པར་འོད་གསལ་ལྷ་ལས་བབས་པར་འདོད་པ་དང་ཡང་འཁོན་གྱི་མི་བརྒྱུད་རྗེ་རིགས་སུ་གཏོགས་པ་བོད་བཙན་པོའི་དུས་སྐབས་ནས་སྐུ་དྲག་ཅིག་གི་ཁྱིམ་གཞིས་ཡིན་ཚུལ་བཤད་པ་སོགས་བཀས་བཀོད་རྒྱུད་འཛིན་གྱི་དུས་སྐབས་སུ་བྱུང་བའི་འདི་འདྲའི་ནང་དོན་ཅན་ལ་ད་ལྟ་ང་ཚོས་ཡིད་ཆེས་བྱེད་མི་སྲིད་ནའང༌།  འོན་ཏེ་བྱུང་བ་དེ་དག་གི་གསེང་ལས་རང་རེ་བོད་ཀྱི་གནའ་བོའི་སྤྱི་ཚོགས་དང་བོད་མི་རིགས་ཀྱི་ལོ་རྒྱུས་ཕྱོགས་རེ་ཙམ་ཞིག་མཚོན་ནུས་སམ་སྙམ་ནས་སྔོན་བྱོན་མཁས་པའི་བཞེད་ཚུལ་ལྟར་མདོར་བསྡུས་སུ་བཀོད་པ་ལགས།

མཚོ་སྔོན་པོ་དྲ་རྒྱ་ལས་བཏུས།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*