༄༅། །ས་སྐྱ་སྨན་གྲོང་པ་ཞེས་པའི་མིང་གི་འབྱུང་ཚུལ་དང་བྲང་ཏིའི་བརྒྱུད་པ་རྣམས་གཙོས་པའི་སྐྱེས་མཆོག་དམ་པ་རྣམས་ཀྱིས་དཔལ་ལྡན་ས་སྐྱར་གསོ་རིག་བསྟན་པ་བསྐྱངས་ཚུལ་གྱི་རྣམ་ཐར།
བསྟན་འཛིན། རབ་འབྱམས་སྨན་པ། ས་སྐྱ་རྫོང་བོད་ལུགས་སྨན་ཁང་།
སྐལ་ལྡན་རྒྱུད་འཛིན་པར་ཆུ་འགོ་གངས་གཏུགས་ཀྱི་ལོ་རྒྱུས་རྡོ་ལག་བརྒྱུད་བཞིན་རྩིས་སྤྲོད་ཐུབ་རྒྱུའི་དགོས་པར་དམིགས་ཏེ། དཔལ་ལྡན་ས་སྐྱའི་ཁུལ་དུ་བོད་ཀྱི་གསོ་བ་རིག་པར་ཕྱག་ལས་མཛད་མཁན་སྐྱེས་བུ་དམ་པའི་མཛད་རྗེས་ལ་རྗེས་དྲན་གྱིས། སྔ་རབས་ས་སྐྱ་བའི་གསོ་རིག་བྱུང་འཕེལ་སྐོར་རགས་བསྡུས་ཙམ་ཞུ་བ་ལ།
དང་པོ། དཔལ་ལྡན་ས་སྐྱ་ཞེས་པའི་མིང་ཐོགས་ཚུལ།
དེ་ཡང་འཛམ་གླིང་གི་ཡང་རྩེ་ཁ་བ་ཅན་གྱི་ཡུལ་མཁས་གྲུབ་ལོ་པཎ་དུ་མ་བྱོན་པའི་གནས་ཏུན་ཧོང་གཉིས་པར་གྲགས་པ་བོད་ཀྱི་རྡོ་རྗེ་གདན་དཔལ་ལྡན་ས་སྐྱ་ཞེས་མཚན་སྙན་གྲགས་འཛམ་བུ་གླིང་དུ་ཁྱབ་པ་དེའི་ཡུལ་གྱི་ཆེ་བ་ཅུང་ཟད་ཙམ་བརྗོད་ན། དེ་ཡང་ངོ་མཚར་བཀོད་པ་དུ་མས་བརྒྱན་ཅིང་རིན་བྲལ་ནོར་གྱིས་ཁེངས་པའི་ལྷ་ཁང་ཆེན་མོ་གཟི་མཆོང་གནམ་ལ་གཟིངས་པ་འདྲ། གྲུམ་ཆུ་སྔོན་མོ་ཤར་ནས་ནུབ་ཏུ་གཡུ་འབྲུག་སྔོན་མོ་ཐང་ཉལ་བཞིན་དུ་རྒྱུགས་པ། དྭངས་གཙང་ཡན་ལག་བརྒྱད་དང་ལྡན་པའི་མདའ་ཆུ་དཀར་མོ་ལྷོ་ནས་བྱང་དུ་དར་དཀར་བརྐྱངས་བཞིན་རྒྱུགས་ལ། འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་མང་དག་བྱོན་པའི་གནས་མཆོག དགེ་ལེགས་ཡོན་ཏན་འཕེལ་བའི་ས། །སྡིག་དང་དྲི་མ་སྤོང་བའི་སྐྱ། །ཞེས་པ་གླང་ཆེན་དང་སེང་གེ་ཆུ་སྲིན་ལ་སོགས་པའི་བཟོ་ལྟ་ཅན་གྱི་རི་བྱད་ལེགས་པ། གླང་ཆེན་གྱི་མཁལ་ཁུང་གཡས་པ་དཀར་བའི་གདོང་དུ་ས་དཀར་ལ་སྣུམ་པ་ཞིག་ཡོད་པར་ས་སྐྱ་ཞེས་ཐོགས། དེ་ནས་རིམ་པས་ཡུལ་འདི་ནས་ཐོན་པའི་སྐྱེས་མཆོག་དམ་པ་མཚན་མཆོག་གསུམ་ལྡན་དཔལ་ལྡན་ས་སྐྱ་བ་ཞེས་ས་སྐྱ་གོང་མ་རྣམ་ལྔས་མཚོན་རྒྱ་གར་དང་། རྒྱ། ཧོར་སོགས་ཡུལ་གྲུ་ཀུན་ལ་དཔལ་འབྱོར་དང་རིག་གནས་ཆོས་ལུགས་བཅས་ལས་མཐུན་སྒྲིལ་དང་མཛའ་གཅུགས། མཉམ་ལས་ལ་སོགས་གང་སྤྱིར་བླ་ན་མེད་པའི་མཛད་རྗེས་རླབས་ཆེན་བཞག་གནང་བ་ནི་དུས་ནམ་ཡང་རྗེས་དྲན་ཞུ་དགོས་པའི་དོན་ཆེན་ཞིག་རེད། ཁྱད་པར་ཆོས་རྗེ་ས་པཎ་དང་འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པའི་སྐུ་དུས་ནས་རིག་གནས་བཅུའི་བཤད་པ་རྒྱ་ཆེ་གཏིང་རིང་གི་སྒོ་ནས་དར་ཁྱབ་བྱུང་ཞིང་གངས་ལྗོངས་འདིར་བཅུ་ཕྲག་རིག་པའི་ལམ་སྲོལ་སྔར་མེད་གསར་དུ་གཏོད་ཅིང་མ་ཧཱ་པཎྜིཏའི་མཚན་གྱི་ཅོད་པན་བཞེས་མཁན་ཐོག་མ་ནི་ས་སྐྱ་པཎྜིཏ་ཁོ་ནའོ།།
གཉིས་པ། ས་སྐྱ་སྨན་གྲོང་པ་ཞེས་པའི་མིང་ཐོགས་ཚུལ།
དེ་ཡང་ས་སྐྱ་སྨན་གྲོང་པ་ཞེས་པའི་ལོ་རྒྱུས་འབྱུང་ཁུངས་ཏེ། རྒྱལ་པོ་མེས་ཨག་ཚོམ་གྱི་བླ་སྨན་དང་བློན་པོ་ཟུང་འཇུག་ཡིན་པའི་བྲང་ཏི་རྒྱལ་མཉེས་མཁར་ཕུག་ཞུ་བ་ནི་རིན་སྤུངས་རྫོང་ཁོངས་རོང་ངུར་སྨྲིག་ཅེས་བྱ་བའི་སར་དུས་རབས་བདུན་པའི་མཇུག་ཙམ་ལ་སྐུ་འཁྲུངས། ཁོང་ནི་རིག་པའི་གནས་སྤྱི་དང་ཁྱད་པར་གསོ་རིག་གི་གཞུང་ལུགས་ལག་ལེན་དང་བཅས་པར་མཁས་པའི་མཆོག་ཏུ་གྱུར་པ་ཙམ་མ་ཟད། སྲིད་ཀྱི་དོན་ལའང་མཁས་ཤིང་བྱང་ཆུབ་པ་ཞིག་ཡིན་པས་བོད་ཀྱི་བཙན་པོའི་བློན་པོ་དང་བླ་སྨན་གྱི་ལས་གནས་གཅིག་ལྕོགས་སུ་འཛིན་པའི་མི་སྣ་གྲགས་ཅན་ཞིག་ཡིན། ཕྱིས་སུ་གསོ་དཔྱད་ལུགས་སུ་བྲང་ཏིའི་རྒྱུད་པ་ཟམ་མ་ཆད་པར་བྱུང་བ་དག་ཀྱང་མེས་པོ་བྲང་ཏི་རྒྱལ་མཉེས་མཁར་ཕུག་དེ་ཉིད་ཀྱི་གདུང་ལས་བྱུང་བའི་གནང་རིགས་རྗེས་སྦྱངས་ཀྱི་སྨན་པ་བར་མ་ཆད་པར་བྱུང་བ་བརྒྱུད་ནས་བརྒྱུད་ཀྱིས་བླ་སྨན་དུ་དབང་བསྐུར་བ་ནས་བཟུང་། བྲང་ཏི་དར་མ་སྙིང་པོ་སོགས་ཀྱིས་བདུད་རྩི་ཡུར་འདྲེན་ལ་སོགས་མན་ངག་ཆིག་བརྒྱུད་ཟབ་མོ་རྣམས་རིམ་གྱིས་ཡི་གེར་བཏབ་པ་ལ་བྲང་ཏི་པོད་ཁྲ་དང་པོད་དམར་དུ་གྲགས། རིམ་བཞིན་དུས་རབས་བཅུ་གསུམ་ནང་འཁྲུངས་པར་གྲགས་པའི་བྲང་ཏི་འཇམ་དཔལ་བཟང་པོ་ཞུ་བ་དེས། རང་གི་ཡབ་བྲང་ཏི་བསོད་ནམས་འབུམ་གྱི་དྲུང་ནས་ཡན་ལག་བརྒྱད་པ་རྩ་འགྲེལ། སྨར་བྱང་མ་བུ། ཨཙརྱའི་གསོ་དཔྱད་སྐོར་གསུམ་སོགས་གསན་སྦྱངས་གནང་བ་མ་ཟད། མྱང་སྟོད་སྒོ་བཞི་རེ་ཐང་དུ་གཡུ་ཐོག་འཇམ་དཔལ་བཟང་པོ་སོགས་སློབ་དཔོན་དུ་མའི་ཞབས་ལ་གཏུགས་ནས་རྒྱུད་བཞི་ཆ་ལག་དང་བཅས་གཡུ་ཐོག་པའི་ཕྱག་ལེན་མན་ངག་རྣམས་གསན་ཅིང་ཐུགས་ལ་འཆུད་པར་མཛད། གཞན་ཡང་རྩིས་ཕུ་བྱ་མོ་ཁུད་དུ་ལྗང་སྨན་པ་ཡེ་ཤེས་བཟང་པོ་བསྟེན་ནས་ཡན་ལག་བརྒྱད་པ་གསན་པ་སོགས་མདོར་ན་བོད་དུ་གྲགས་པའི་གསོ་དཔྱད་ཕལ་མོ་ཆེ་ལ་དབང་འབྱོར་བས་མཁས་པ་ཆེན་པོའི་གྲགས་པ་ཕྱོགས་མཐར་ཁྱབ་ཅིང་རྒྱས་པས་ན། ས་སྐྱའི་བླ་མ་བདག་ཉིད་ཆེན་པོ་བཟང་པོ་དཔལ་ཞུ་བ་དེས་གདན་སར་སྤྱན་དྲངས་ཏེ་བླ་སྨན་དུ་བསྐོས་ཤིང་བརྒྱ་ཚོ་ཕྱེད་ཀྱིས་གོ་ས་གནང་། ཡན་ལག་བརྒྱད་པའི་འཆད་ཉན་བཙུགས། བྲང་ཏི་འཇམ་དཔལ་བཟང་པོ་ནས་བཟུང་བྲང་ཏིའི་རྒྱུད་པ་གཙོ་བོ་ས་སྐྱར་འཕོས་ནས་ས་སྐྱ་སྨན་གྲོང་པ་ཞེས་པའི་མཚན་གསོལ་ལོ།།
གསུམ་པ། བྲང་ཏིའི་བརྒྱུད་པ་སོགས་ཀྱིས་ས་སྐྱར་གསོ་རིག་བསྟན་པ་བསྐྱངས་ཚུལ།
བྲང་ཏི་འཇམ་དཔལ་བཟང་པོས་སྐུ་ཚེ་གཅིག་གི་རིང་གདུལ་བྱ་རྣམས་ཀྱི་བློའི་མུན་པ་གསལ་བར་ནུས་ཤིང་། རྟོགས་པ་སླ་བའི་གསུང་རྩོམ་གྱིས་རྗེས་འཇུག་ཚོའི་བློ་གྲོས་རྒྱས་པར་བྱེད་པ་ལ། སེར་སྣ་དང་དཔེ་མཁྱུད་མེད་པར་སློབ་མ་ལ་ནན་ཏན་དུ་མཛད་པས་སྨན་པའི་སྨན་པར་གྲགས་པ་དང་། ནད་པ་ཕོངས་པ་དང་མགོན་མེད་ཁོ་ན་ལ་གཟིགས་ཤིང་། སྨན་ཟས་སྦྱིན་པས། དེ་ཁུལ་གྱི་སྐྱེ་བོ་ཐམས་ཅད་ཀྱིས་མཐུན་པར་བྱང་ཆུབ་སེམས་དཔའ་ཡིན་ཞེས་བསྔགས་པ་བརྗོད། བཀའ་རྩོམ་ནི་སྡེ་ཚན་ལྔ་འགྲེལ་ལམ་ཕྱི་མ་རྒྱུད་ཀྱི་སྦྱོར་ཚད་ཡོད་པ་ལག་ལེན་པོད་ཆུང་དང་། བྱ་འདྲེའི་བཅོས་ཐབས་སོགས་བརྩམས་ནས་རང་གི་སྲས་ལ་གདམས།
དེའི་སྲས་བགྲེས་པ་བྲང་ཏི་རྒྱལ་བ་བཟང་པོའམ་མཚན་གཞན་བྲང་ཏི་ཤིང་རྐང་ཞུ་བ་དེས། རང་གི་ཡབ་དང་བི་ཇི་དཔལ་མགོན་སོགས་སློབ་དཔོན་དུ་བསྟེན་ནས་གཞུང་དང་ལག་ལེན་མན་ངག་རྣམས་ཐུགས་སུ་ཆུད་པར་མཛད། ཉང་སྟོད་སྒོ་བཞི་རེ་ཐང་དུ་བྱོན་ནས་གཡུ་ཐོག་འཇམ་དཔལ་གྱི་སྲས་གཡུ་ཐོག་འཚོ་བྱེད་ལ་རྒྱུད་བཞི་ཆ་ལག་དང་། ལག་ལེན་པོད་ཆུང་ལ་སོགས་པའི་མན་ངག་དུ་མ་གསན་ནས་སློབ་མ་མང་པོར་སྨན་གཞུང་གི་བཀའ་ཁྲིད་གནང་། སླར་བྱོན་ནས་ཡབ་ཀྱི་གདན་ས་དང་ས་སྐྱའི་གདུང་རྒྱུད་རིན་པོ་ཆེ་ཁུ་དབོན་རྣམས་ཀྱི་བླ་སྨན་སྔར་མུས་བཞིན་བསྐྱངས་ནས་སྟོད་སྨད་ཀྱི་སློབ་མ་དུ་མ་ལ་གཞུང་དང་མན་ངག་ཕྱག་ལེན་ལེགས་པར་གནང་། རྒྱུད་ཀྱི་འཆད་ཉན་བཙུགས། སློབ་མ་རང་མགོ་ཐོན་པ་མང་པོ་བྱུང་ནས་འགྲོ་དོན་ཆེ་བ་བྱུང་།
བྲང་ཏི་འཇམ་དཔལ་བཟང་པོའི་སྲས་ཆུང་བ་གཞོན་ནུའི་དུས་ནས་རབ་བྱུང་ཡིན་པ། བྲང་ཏི་རྒྱལ་བཟང་གི་གཅུང་པོ་བྲང་ཏི་དཔལ་ལྡན་འཚོ་བྱེད་ཅེས་པ་དེས་ཀྱང་དཔལ་ལྡན་ས་སྐྱ་པ་ལ་བརྒྱུད་པའི་ཡན་ལག་བརྒྱད་པའི་ཁྲིད་རྒྱུན་རྣམས་བླ་མ་དམ་པའི་དངོས་སློབ་གནས་དྲུག་པ་བློ་གྲོས་མཚུངས་མེད་ལ་གསན་ཅིང་། རང་ཉིད་ཀྱི་གཅེན་པོ་རྒྱལ་བ་བཟང་པོ་དང་། ཕག་སྟོན་ཤཱ་ཀྱ་མགོན་པོ་ཡུན་རིང་སློབ་དཔོན་དུ་བསྟེན་ནས་རྒྱུད་བཞི་ཆ་ལག་དང་བཅས་པའི་ཚིག་དོན་ཡོངས་སུ་རྫོགས་པར་ཞུས་ཤིང་། རྒྱུད་དང་བརྒྱད་པ་ཟུང་འབྲེལ་གྱི་འཆད་ཉན་ལོ་རེ་བཞིན་མ་ཆགས་པ་མཛད་ནས་གསོ་དཔྱད་ལ་མཁྱེན་རབ་རྒྱས་ཏེ། སྐུ་ཚེ་ཧྲིལ་པོར་གསོ་བ་རིག་པའི་བསྟན་དོན་ཁོ་ན་གཉེར་ཞིང་ས་སྐྱའི་བླ་མའམ་གོང་མ་འགྲོ་མགོན་ཆོས་རྒྱལ་འཕགས་པའི་བླ་སྨན་མཛད། དམ་པ་དེས་སྨན་གྱི་བསྟན་བཅོས་ཡན་ལག་བརྒྱད་པའི་ཁོག་འབུགས་སོགས་བསྟན་བཅོས་ཆེ་ཆུང་བཅོ་བརྒྱད་བརྩམས་གནང་བའི་གྲས་ནས་ལྷག་པར་ཕྱི་རྒྱུད་སྨན་སྦྱོར་དཔེ་རིས་ཞེས་པ་གསར་རྩོམ་གནང་བ་དེས་ནི་སྨན་རྫས་ཀྱི་གཟུགས་དབྱིབས། བོངས་ཚད་མ་ནོར་བར་རི་མོར་བྲིས་པའི་ལོ་རྒྱུས་སྔ་ཤོས་ཀྱི་གྲས་ཡིན་པས་ཤིན་ཏུ་གྲགས་ཆེའོ།།
དེའི་སྐུ་ཚ་བྲང་ཏི་དཔལ་ལྡན་རྒྱལ་མཚན་ཞུ་བ་དེས་ཀྱང་། རང་གི་ཡབ་མེས་གོང་མའི་སྙན་རྒྱུད་མྱོང་གྲུབ་ཕྱག་ལེན་བརྒྱུད་འཛིན་གོང་འཕེལ་ཐོག་ཁྱད་པར་བྲང་ཏི་དཔལ་ལྡན་འཚོ་བྱེད་ཀྱི་དགོངས་པ་ལྟར། རང་ཉིད་ཀྱི་ཁྱད་ཆོས་དཀར་པོ་དྲུག་སྦྱོར་སོགས་ཕྱོགས་གཅིག་ཏུ་བསྡུས་ཏེ། ཤིན་ཏུ་ཟབ་པ་བུ་རྣམ་རྒྱལ་བཟང་པོའོ་དོན་དུ་མན་ངག་གསེར་བྲེ་ཞེས་པ་སྡེབས་སྒྲིག་མཛད།
གཞན་ཡང་བྲང་ཏི་རྡོ་རྗེ་དཔལ་བཟང་ཞུ་བ་དེས་བཤད་རྒྱུད་འགྲེལ་བ་དོན་གསལ་མཛད། དེས་བྲང་ཏི་དཔལ་འབྱོར་དོན་གྲུབ་ལ་གཞུང་གདམས་མན་ངག་དང་བཅས་པ་གནང་། གསེར་བྲེ་ཆེ་བ་ལས་བཏུས་པའི་ཆུང་བ་མཛད་དེ་སྲས་ལ་གནང་། བྲང་ཏི་དཔལ་འབྱོར་དོན་གྲུབ་ཞུ་བ་དེས་མན་ངག་དངུལ་བྲེ་མཛད་པ་སོགས་བྲང་ཏི་ཡབ་སྲས་ཀྱི་སྲོལ་བཞིན་དཔལ་ལྡན་ས་སྐྱར་སྨན་དཔྱད་ཀྱི་བསྟན་པ་བསྐྱངས་པར་འགྲོ་དོན་བསམ་གྱིས་མི་ཁྱབ་པ་བྱུང་བར་བརྟེན། ས་སྐྱའི་བླ་མ་བདག་ཉིད་ཆེན་པོ་བཟང་པོ་དཔལ་གྱིས་ས་སྐྱ་སྨན་གྲོང་པ་ཞེས་མཚན་ཡང་འདི་ལྟར་རྒྱུ་མཚན་དུ་བྱས་ནས་གསོལ་བའོ།།
མདོར་ན་བྲང་ཏི་ལྷ་རྗེའི་མན་ངག་རིན་པོ་ཆེའི་གཏེར་མཛོད་གསེར་བྲེ་མ་དང་། ས་སྐྱ་སྨན་གྲོང་བའི་མན་ངག་ཐུན་མོང་མ་ཡིན་པ་དངུལ་བྲེ་ཆེན་མོ་ཞེས་བྱ་བ་འདི་ནི་བོད་སྨན་མཁས་པ་མི་དགུའི་ཡ་གྱལ། བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་ཀྱི་བླ་སྨན། བྲང་ཏི་རྒྱལ་མཉེས་མཁར་ཕུག་ནས་བཟུང་བྲང་ཏི་དར་མ་སྙིང་པོ་དང་། བྲང་ཏི་གྲགས་པ་འབུམ། བྲང་ཏི་ཇོ་བཙུན། བྲང་ཏི་དཔལ་ལྡན་འབུམ། བྲང་ཏི་འཇམ་དཔལ་བཟང་པོ། བྲང་ཏི་རྒྱལ་བ་བཟང་པོ། བྲང་ཏོ་དཔལ་ལྡན་འཚོ་བྱེད། བྲང་ཏི་དཔལ་ལྡན་རྒྱལ་མཚན། བྲང་ཏི་ཀུན་དགའ་བཟང་པོ། བྲང་ཏི་སྟག་ལ་དཔལ། བྲང་ཏི་རྡོ་རྗེ་དཔལ་བཟང་། བྲང་ཏི་དཔལ་འབྱོར་དོན་གྲུབ། བྲང་ཏི་དཔལ་མགོན་རྡོ་རྗེ། བྲང་ཏི་ཆོས་རྒྱལ་བཀྲ་ཞིས་ལ་སོགས་གནང་རིགས་རྗེས་སྦྱངས་ཀྱི་སྨན་པའི་གདུང་རྒྱུད་བར་མ་ཆད་པ་བྱུང་བ་སྟེ་དཔལ་ལྡན་ས་སྐྱའི་གདུང་རྒྱུད་ཁུ་དབོན་རྣམས་ཀྱི་བླ་སྨན་མཛད། ཡོངས་གྲགས་དཔལ་ལྡན་ས་སྐྱའི་སྨན་གྲོང་ཞེས་གྲགས་པའི་རྒྱུད་པ་སྤེལ། ཡབ་མེས་རིམ་བརྒྱུད་གསོ་རིག་གཞུང་དང་ཕྱག་ལེན་གདམས་པ་མི་ཟད་པ་སྙན་ནས་སྙན་དུ་བརྒྱུད་པ་དང་། ཞལ་ནས་ཞལ་དུ་བརྒྱུད་པ། ཐུགས་ནས་ཐུགས་སུ་བརྒྱུད་པའི་མན་ངག་གི་མཛོད་ཆེན་མོ་གསེར་བྲེ་མ་དང་དངུལ་བྲེ་ཆེན་མོ་བཅས་བརྩམས། དུས་རབས་བཅུ་བཞི་པའི་ནང་གི་སྨན་པ་མཁས་ཅན་བྲང་ཏི་དཔལ་ལྡན་རྒྱལ་མཚན་ནས་བསྡུ་སྒྲིག་གནང་བའོ།།
ས་སྐྱ་གོང་མ་རྣམ་ལྔའི་ཡ་གྱལ་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་རབ་བྱུང་གསུམ་པའི་མེ་ཡོས་སྤྱི་ལོ་ ༡༡༤༧ ལོར་སྐུ་འཁྲུངས་ཤིང་། ཆུང་ངུའི་དུས་ནས་སྡོམ་པ་ཉི་ཤུ་དང་སྒྲུབ་ཐབས་མཚོ་སྐྱེས་གསན་ནས་དགུང་ལོ་ ༡༡ པར་གསུངས་པས་ཐམས་ཅད་ངོ་མཚར་སྐྱེས་ཏེ་བློ་གྲོས་ཆེན་པོ་ཞེས་མཚན་གསོལ། ཁོང་གིས་མཁས་ཤིང་གྲུབ་པའི་སློབ་དཔོན་མང་པོའི་ཞབས་ལ་གཏུགས་པས་འཆད་རྩོད་རྩོམ་གསུམ་གྱི་མཁས་པའི་ཡང་རྩེར་སོན། དམ་པ་འདིས་མཛད་པའི་ཐུན་མོང་དང་ཐུན་མོང་མིན་པའི་རིག་གནས་ལ་གསུམ་རྩོམ་མང་དུ་མཆིས། ཁྱད་པར་ཁོང་གིས་གསོ་རིག་ཐད་སྨན་ཆེན་པོའི་བཅུད་ཅེས་པ་དང་། གསོ་དཔྱད་རྒྱལ་པོའི་དཀོར་མཛེད་ཅེས་པའི་གསུང་རྩོམ་མཛད། གཙོ་བོར་ཡན་ལག་བརྒྱད་པ་ཕྱག་བཞེས་གནང་བར་གྲགས། གཞན་ཡང་ཁོང་དགུང་ལོ་ ༥༨ ལོར་དུས་ཚོད་ངེས་པར་བཟུང་བའི་རྩིས་དང་གཟའ་སྐར་འཕྲོད་མི་འཕྲོད་ཀྱི་རྩིས་སོགས་མཛད་པ་མ་ཟད། གསོ་རིག་འཆད་ཉན་དང་ལག་ལེན་གནང་ནས་རྒྱུད་འཛིན་སློབ་མ་མང་དུ་གསོ་སྐྱོང་མཛད་པས། དེ་དག་གིས་འགྲོ་དོན་བྱེད་ཆེད་གསོ་རིག་བཤད་པ་རྒྱུན་མི་ཆད་པར་འཆད་སྤེལ་གནང་།
དེ་བཞིན་ས་ཆེན་ཀུན་དགའ་སྙིང་པོའི་སྲས་ཐ་ཆུང་དཔལ་ཆེན་འོད་པོ་ཆེ་ནི་རབ་བྱུང་གསུམ་པའི་ལྕགས་རྟ་སྟེ་ ༡༡༥༠ ལོར་འཁྲུངས་ཤིང་ཁོང་ནི་ས་སྐྱའི་གྲུབ་མཐའ་དག་ལ་མཁས་པ་མ་ཟད། ལྷག་པར་སྐུ་ཚེ་ཧྲིལ་པོར་གསོ་བ་རིག་པའི་བསྟན་བཅོས་ལ་མཁས་པའི་སྨན་པའི་ཕྱག་ལེན་མཛད། གསོ་བ་རིག་པའི་བསྟན་བཅོས་རྒྱུད་ཆུང་ཉི་མའི་འོད་ཟེར་ཞེས་བྱ་བ་བརྩམས་གནང་ནས་མཁས་གྲུབ་གཉིས་ལྡན་གྱི་འགྲོ་དོན་མང་པོ་མཛད།
༡༡༨༢ ལོར་ཡུམ་མ་ཅིག་གར་ཕུ་མ་ཉི་ཁྲི་ལྕམ་གྱི་སྲས་སུ་ས་སྐྱ་པཎྜིཏ་ཀུན་དགའ་རྒྱལ་མཚན་འཁྲུངས་ཤིང་། ཁོང་ནི་གཞོན་ནུའི་དུས་ནས་མཁས་ཤིང་གྲུབ་པའི་བླ་མ་དང་དགེ་བའི་བཤེས་གཉེན་དུ་མ་བསྟེན་ཅིང་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་ལ་སོགས་ཕྱི་ནང་རིག་གནས་མཐའ་དག་ལ་མཁས་པ་གྱུར་སྟབས། ས་སྐྱ་པཎྜིཏ་ཞེས་མཚན་གྲགས་ཕྱོགས་ཀྱི་བུ་མོའི་རྣ་ལུང་དུ་མཛེས་པ་འདི་ལྟར་བྱུང་། གསུང་རྩོམ་ཀྱང་ཁག་མང་པོ་བརྩམས་པའི་ནང་ནས་སྒྲའི་བསྟན་བཅོས་མཁས་པ་འཇུག་པའི་སྒོ་ཞེས་པ་དང་། ཚད་མ་རིག་གཏེར། ས་སྐྱ་ལེགས་བཤད། ཚིགས་གཏེར། རོལ་མོའི་བསྟན་བཅོས་ལ་སོགས་དང་། གསོ་རིག་སྐོར་ལ་སྤྱིར་གསོ་དཔྱད་ཀྱི་གཞུང་ལུགས་དུ་མ་ལས་འབྱུང་བའི་སྐོར་དང་། ལྷག་པར་ཡན་ལག་བརྒྱད་པའི་སྙིང་པོ་དང་དེའི་འགྲེལ་བ་ཟླ་ཟེར་དང་བཅས་པ་ཐུགས་སུ་ཆུད་ཅིང་དེ་དག་གི་དོན་ལེགས་པར་སྟོན་པའི་བསྟན་བཅོས། བསྟན་པ་རིན་པོ་ཆེའི་རྩིས་དང་། ཡན་ལག་བརྒྱད་པའི་དོན་བསྡུས། སྙིང་པོ་བསྡུས་པའི་ཝ་རྣ་ཡི་ཕྲེང་བ་སོགས་གསོ་བ་རིག་པའི་བསྟན་བཅོས་དང་རྩིག་རིག་ལ་ཉེ་བར་མཁོ་བའི་གཞུང་ལུགས་དུ་མ་གསར་རྩོམ་མཛད། མདོར་ན་འབྱུང་བ་འཁྲུགས་པའི་མཚན་ཉིད་ཅན་གྱི་ནད་ཞི་བར་བྱེད་པ་ལ། སྨན་པའི་རྒྱལ་པོ་འཚོ་བྱེད་གཞོན་ནུས་གསོས་ལྟ་བུ་དང་། བོད་ཀྱི་ཆོས་སྲིད་རིག་གནས་ཀུན་ལ་མིང་དོན་མཚུངས་པའི་མཁས་པའི་ཡང་རྩེར་གྱུར་བའི་པཎྜིཏ་མཆོག་ཏུ་གྱུར་བ་ཞིག་ཡིན་ཏེ། ཇི་སྐད་དུ། མ་རིག་རྩ་བ་བཞི་བརྒྱ་རྩ་བཞིའི་ནད། །འཕེལ་ཟད་འཁྲུགས་པའི་གཉེན་པོ་ཚེའི་རིག་བྱེད། །ཐར་པའི་ཚེ་སྲོག་སྲུང་བའི་ཐབས་ཚུལ་སྟོང་། །ཇི་བཞིན་མཁྱེན་པ་དེ་འདྲ་གཞན་གྱིས་མིན། །ཞེས་མཁས་པའི་ཕུལ་དུ་ཕྱིན་པ་དེའི་མཁྱེན་སྤྱོད་ནི་གཞན་གྱི་དོ་ཟླ་དང་བྲལ་བ་ཡིན་ནོ།།
དེ་རྗེས་རབ་བྱུང་བཞི་པའི་ཤིང་ལུག་ ༡༢༣༥ ལོར་འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ་འཁྲུངས་ཤིང་། དགུང་ལོ་ ༢༦ སྟེ། ༡༢༦༠ ལོ་ནས་བོད་ཀྱི་སྲིད་དབང་འཛིན་པའི་སྐབས་དེར། བོད་ཀྱི་གནམ་རིག་སྐར་རྩིས་ཡར་རྒྱས་སྔར་ལས་ཆེ་བ་བྱུང་ཞིང་། དེ་ཡང་བླ་མ་འཕགས་པ་ཉིད་ཀྱི་སྔ་བསྡུས་སྒྲ་ཅན་གཟའ་ལྔ་དང་བཅས་པའི་རྩིས་གཞི་རིན་པོ་ཆེའི་འོད་ཟེར་དྲི་མ་མེད་པ། ཉི་ཁྱིམ་འཕོ་བའི་ངེས་པ་དུས་ཀྱི་འཁོར་ལོའི་རྩིས་དུས་གསལ་བའི་སྒྲོན་མེ་བསྡུས་དོན་ཅེས་པ། གདོད་མའི་དུས་གསར་འབྱེད་པའི་རྩིས་ཀྱི་གཙུག་ལག་དང་མཐུན་པར་ངེས་པའི་རྩིས། དྷུ་ཝ་གཉིས་པའི་རྩིས། ལོ་བདག་ཉི་ཤུའི་རྩིས། རྟེན་འབྲེལ་གྱི་རྩིས། རིན་ཆེན་སྒྲོན་མེ་རྒྱལ་བུ་འཛིན་གྱིམས་ཀྱི་རྩིས། ཆོས་འཁོར་བསྐོར་བའི་རྩིས། སངས་རྒྱས་ཀྱི་དུས་ཆེན་བཞིའི་ངོས་འཛིན་སོགས་རྩིས་ཀྱི་བསྟན་བཅོས་དུ་མ་མཛད། གཞན་ཡང་གཡུང་སྟོན་དཔལ་བཟང་དང་ཀུན་དགའ་དཔལ་བ་སོགས་མཁས་དབང་མང་པོ་སྔ་ཕྱིར་ཐོན་པ་རྣམས་ཀྱིས་བོད་རང་གི་གནམ་གཤིས་དང་ས་ཆའི་དུས་བབས་ཞིབ་དཔྱད་དང་། རྒྱ་རྩིས་ཧོང་ལེ་ལ་དཔེ་མཛད་ནས་བོད་ཀྱི་ལོ་དང་ཟླ་ཞག་དུས་ཀྱི་བབས་དང་སྦྱར་ཏེ་ས་སྐྱའི་ལོ་ཐོ་ཞེས་པ་བཏོན་པས་ལོ་ཐོ་བཏོན་པའི་ཐོག་མར་གྲགས།
དེ་ནས་སྦུར་ཚོ་བ་ཡོན་ཏན་རྒྱ་མཚོ་ཞེས་རབ་བྱུང་དགུ་པའི་ལྕགས་ཕག་སྟེ་ ༡༥༥༡ ལོར་དབུས་གཙང་རུ་བཞིའི་རྒྱལ་ཁམས་ཆེན་པོ་ལས། ཆོས་སྒྲ་ཆེན་པོ་དཔལ་ལྡན་ས་སྐྱའི་ཉེ་འདབས། དེང་ས་སྐྱ་རྫོང་ཚ་རོང་ཤང་ཁོངས་ཕུ་གསུམ་སྦུར་ཚོ་ཞེས་པ་འཁྲུངས། ཁོང་གི་ཡབ་ནི་སྨན་པའི་དགེ་བཤེས་རྒྱུན་མ་ཆད་པར་བྱོན་ཞིང་། མཁས་པའི་གདུང་འཛིན་དྲི་མ་བྲལ་བ་ཞིག་ཡིན། ཡབ་དེ་ཡང་གནང་རིགས་ཀྱི་སྨན་པ་བྲང་ཏི་དཔལ་མགོན་རྡོ་རྗེ་དང་ཡབ་མེས་ཀྱི་ཞབས་ལ་ཡུན་རིང་གཏུགས་ཤིང་བརྒྱུད་འཛིན་གོང་འཕེལ་གྱི་མཁས་པའི་མཆོག་ཏུ་གྱུར་བ་ཞིག་ཡིན། སྦུར་ཚོ་བ་ཡོན་ཏན་རྒྱ་མཚོ་ནི་ཐུགས་རིག་གསལ་ལ་སྤྱིར་བཏང་མ་ཡིན་པའི་རྩལ་སྟོབས་ཕུན་སུམ་ཚོགས་པ་མ་ཟད། གསོ་བ་རིག་པ་ལ་སྔོན་སྦྱངས་བསགས་པའི་རང་རྟགས་འགོག་མེད་དུ་འཆར་ཞིང་། དགུང་ལོ་ཆུང་དུས་ནས་ཆོས་འཁོར་རྩེར་རབ་ཏུ་བྱུང་། དེར་མཁན་སློབ་རྣམས་ཀྱི་ཐུགས་རྗེས་ཤིན་ཏུ་འཛིན་པས་བློ་གསར་རྣམས་ཀྱི་སྐྱོར་འགོ་དང་གྲྭ་གཞོན་རྣམས་ཀྱི་སློབ་དཔོན་དུ་འཛིན་པ་སོགས་ཐུགས་རབ་ཧ་ཅང་ཆེ་སྟབས་འཇམ་དབྱངས་པར་གྲགས་པ་སོགས་སྙན་གྲགས་ཀུན་ཏུ་ཁྱབ། དེ་ནས་ཨ་ཇོ་དྲུང་བསམ་པ་ཞེས་པ་གསོ་རིག་ཕྱག་ལེན་གདམས་པ་ཀློངས་སུ་གྱུར་བ་འབྲུམ་ནད་ཀྱི་སྐུ་འདས་ཤིང་། ནུ་བོ་བཀྲ་ཤིས་ལེགས་པ་ན་སོ་གཞོན་པས་སྨན་པའི་བརྒྱུད་པ་ཆད་ཉེའི་སྐབས་རང་གི་ཡབ་ཡུམ་དང་། ཞང་པོ་གཉེན་ཚན་རྣམས་ཀྱི་བཀའ་ནན་ཆེན་པོས་སྦུར་མཚོ་བ་ཡོན་ཏན་རྒྱ་མཚོ་གསོ་རིག་ལ་སྦྱངས་པ་གནང་དགོས་པའི་བཀའ་ནན་ཞུས་པར་མདོ་སྔགས་ཀྱི་སློབ་གཉེར་བཤོལ་ཏེ་གསོ་རིག་ལ་ཐོས་བསམ་ནན་ཏན་དུ་གནང་བས། ལོ་གཅིག་དང་ཟླ་བ་གསུམ་ལ་རྒྱུད་བཞི་ཕལ་ཆེར་ཐུགས་སུ་ཆུད་པ་མཛད། དེ་དུས་དབུས་གཙང་ན་གྲགས་ཆེ་བ་ས་སྐྱ་སྨན་གྲོང་པ་དང་། བྱང་པ་འཚོ་བྱེད་སོགས་བཞུགས་ཡོད་ཀྱང་། འགྲན་བྲལ་གོང་སྨན་དཀོན་མཆོག་ཕན་དར་ཞེས་པའི་མཚན་གསན་པ་ཙམ་གྱི་ལུས་ཀྱི་བ་སྤུ་གཡོ་བའི་མོས་གུས་འཁྲུངས་ཤིང་། དེ་འཕྲལ་ལ་སྟོད་དུ་གོང་སྨན་པ་མཇལ་བར་ཕེབས། ཕེབས་ལམ་དུ་གོང་སྨན་པ་སྡེ་སྲིད་སེང་གེ་རྩེའི་དྲུང་དུ་(དེང་དུས་ས་སྐྱ་བཤོང་མ་ཤང་གི་ཁོངས་)ཕེབས་པ་དང་མཇལ་ནས་གོང་སྨན་པས་འོ་ཚོ་ཚེ་སྔོན་དཔོན་སློབ་ཡིན་ཞིང་ཚེ་འདིར་ཡང་རྟེན་འབྲེལ་རང་སྒྲིག་བྱུང་སོང་པ་ངོ་མཚར་ཆེ། ཞེས་གསུངས་ནས་ཕྱག་དང་ཕྱག་ལན་རྩེ་སྤྲོད་དུ་མཛད་ཅིང་སྦུར་ཚོ་བའི་ཁྱིམ་དུ་ཕེབས། དེ་ནས་དཔོན་སློབ་དུ་མ་དང་བཅས་ཤབ་སེང་གེ་རྩེར་ཕྱག་ཕེབས་ཏེ་སྡེ་སྲིད་མཇལ། མཐུན་རྐྱེན་ཕུན་སུམ་ཚོགས་པའི་སྒོ་ནས་བུ་སློབ་རྣམས་ཡོན་ཏན་སློབ་གཉེར་དང་། འཆད་ཉན་གྱི་བློ་སྐྱེད་ཡར་ངོའི་ཟླ་ལྟར་གོང་འཕེལ་བྱུང་སྟེ། ཕྱག་ལེན་ཉམས་ཁྲིད་ཆེད་དུ་ནད་པར་བལྟ་རྟོགས་གནང་ནས་ཉམས་མྱོང་ཆེར་འཁྲུངས། སློབ་དཔོན་གྱིས་སྦུར་ཚོ་བ་སློབ་མའི་ནང་ནས་མཁས་པར་འདུག་གོ །ཞེས་ཆེ་བཙུན་ཀུན་གྱི་སྙན་དུ་གསོལ་བས་གྲགས་པ་མྱུར་དུ་ཐོན་ཞེས་གསུངས་པ་མ་ཟད། སྦུར་ཚོ་བའི་རྣམ་དཔྱོད་ལ་གོང་སྨན་པ་ཐུགས་ཤིན་ཏུ་མཉེས་ཏེ་འདི་སྐད་ཅེས་སྨྲས། མཁས་མཆོག་བྲང་ཏིའི་གསུང་རབས་ནམ་མཁའི་ཁྱོན། །ཇི་བཞིན་སྨྲ་བའི་གཞོན་ནུ་རི་བོང་འཛིན། །རྒྱུ་སྐར་དབུས་ན་མཛེས་པ་ཁྱོད་ཉིད་རྒྱལ། །ཕ་རོལ་ཅ་ཅོ་སྒྲོག་པ་ཟུམ་པར་གྱུར། །ཞེས་པའི་བསྔགས་བརྗོད་ཀྱང་མཛད།
དེ་ལྟར་སློབ་དཔོན་གྱི་དྲུང་དུ་ལོ་གསུམ་བསྟུད་དེ་ཞུགས་རིང་རྒྱས་སྤྲོད་ཕར་ཞོག་ཟས་ངན་ངོན་ལ་བརྟེན་ནས་དཀའ་ཐུབ་དྲག་པོས་ཕྱི་ཐོས་པའི་རྒྱ་དང་། ནང་རིག་པའི་ཉམས་མྱོང་། གཞན་གྱི་ཞལ་གདམས་སྙན་རྒྱུད། ལུས་ཀྱི་ཐིག་འགྲེམས། སྨན་གྱི་ངོས་འཛིན་སོགས་ལ་སྒྲོ་འདོགས་བཅད་ནས་རང་ཡུལ་དུ་ཕེབས། དེ་ནས་དུས་རེ་ཞིག་མཚམས་སུ་ཤར་ཕྱོགས་ལུང་པར་ནད་ཡམས་ཆེན་པོ་ཞིག་བྱུང་དུས། སྨན་སེར་ཆེ་ཆུང་དང་། རིལ་དམར་སོགས་ཕྱག་ལེན་མཛད་པས་ནད་པ་འཆི་ཁ་ལས་བསྐྱབས་པ་དུ་མ་བྱུང་ཞིང་། དུས་རྒྱུན་དུ་བཟང་དྲུག་གི་སྨན་སྒྲུབ་སྟེ་ནད་པའི་ཟུག་རྔུ་ཞི་བ་དང་། དབྱར་ཁ་རི་ལ་སྔོ་སྨན་འཐུ་སྒྲུབ་གནང་བར་ཕེབས་ཤིང་། དགུན་དུས་རྒྱལ་ཕུའི་རི་ཕྲོད་དུ་དཔེ་འཚམས་ལ་ཞུགས། དབྱར་དུས་ཆོས་འཁོར་རྩེར་གསོ་རིག་འཆད་ཉན་བཙུགས་སྟེ་སློབ་མ་བརྐྱངས་བར་མི་དམངས་སྐྱ་བཙུན་ཀུན་གྱི་སྨོན་པའི་ཡུལ་དུ་གྱུར། དེ་ནས་སླར་ལ་སྟོད་དུ་སློབ་དཔོན་གོང་སྨན་པ་མཇལ་ཞིང་དོགས་གཅོད་འདྲ་ཞུ་དགོས་ཡོད་པ་བཅས་དིང་རི་གངས་དཀར་དུ་སློབ་དཔོན་རང་མཇལ་ཞིང་ང་ཡི་བུ་ཆེན་སྦུར་ཚོ་བ་སླེབས་པ་ཡིན་ནམ་གསུངས་ཏེ་ཐུགས་མཉེས་མཛད་ཅིང་གསུང་ཆོས་སྔར་ན་མ་གྲགས་པ་མང་པོ་གནང་། ཁྱད་པར་རྩའི་ལྷ་མོའི་རྗེས་གནང་རིག་གཏད་གནང་ཞིང་བསྙེན་སྒྲུབ་དམ་པོར་བཞུགས། སྐུ་འཚམས་གྲོལ་ནས་མཚན་ལྟས་དང་མཐུན་པར་སློབ་དཔོན་གྱི་ལུང་བསྟན་མང་པོ་བཀའ་དྲིན་རྩལ། དེ་ནས་སྦུར་ཚོ་བས་མུ་མཐུད་གསོ་རིག་འཆད་ཉན་དང་བརྒྱུད་འཛིན་སློབ་མ་མང་དུ་བསྐྱངས་པ་སོགས་ཐུགས་ཀྱིས་གཞན་དོན་དབྱར་གྱི་ཆུ་གཏེར་རྒྱས་པ་བཞིན་འཚོ་བཞེས་ངོས་ནས་སྐུ་གཟུགས་ངན་པའི་ཁར་གློ་བུར་ཚད་ནད་ཀྱི་ཟིན་སྟེ་སྐུ་ཁམས་ཤིན་ཏུ་འཁྲུགས་ནས་སྨན་ཡང་ངོ་ཆེར་མ་བྱུང་བར་སྐུ་ཁམས་ཇི་ལོད་(འཇའ་ལུས་?)ལ་སོང་སྟེ་སྐུའི་བཀོད་པ་འདུས་སོ། །སྦུར་མཚོ་བས། གཞན་དོན་ཡིད་ལ་བྱེད་པ་དང་འབྲལ་མ་མྱོང་། ངག་བཤར་སྦྱང་དང་འབྲལ་མ་མྱོང་། ལག་སྨན་སྦྱོར་དང་འབྲལ་མ་མྱོང་། ཞེས་གསུངས་པ་དོན་ལ་གནས་པ་ཞིག་གོ།
དེ་བཞིན་སྦུར་ཚོ་བའི་སློབ་མ་ཚ་རོང་དཔལ་ལྡན་རྒྱལ་མཚན་ཞུ་བ་དེས། སྦུར་ཚོ་སྐུ་འདས་མཚམས་གོང་སྨན་དཀོན་མཆོག་ཕན་དར་གྱི་སློབ་མར་གྱུར་ཅིང་། སློབ་དཔོན་གྱི་ཐུགས་བརྩེ་བས་བསྐྱངས་པར་བརྟེན་སློབ་མའི་གཙོ་བོ་ཀ་བཞི་གདུང་བརྒྱད་དུ་གྲགས་པ་ལས་སྙན་གྲགས་ལྡན་པ་ཚ་རོང་དཔལ་ལྡན་རྒྱལ་མཚན་ཞེས་ཀ་བཞིའི་སློབ་མའི་གྲས་ཡིན་པ་བཅས་ཁོང་གི་ལོ་རྒྱུས་ཞིབ་ཕྲ་གཞན་ལ་གཟིགས་པར་འཚལ་ལོ། །
དཔྱད་གཞིའི་ཡིག་ཆ།
༡༽ གསོ་རིག་ལོ་རྒྱུས། བྱམས་པ་འཕྲིན་ལས་ཀྱིས་མཛད། མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོའི་ཟླ་ ༧་པའི་པར་ཐེངས་དང་པོ།
༢༽ གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་སྒྲིགས། བྱམས་པ་འཕྲིན་ལས་ཀྱིས་མཛད། མི་རིགས་དཔེ་སྐྲུན་ཁང་ ། ༡༩༩༠ ལོའི་ཟླ་ ༡༡་པའི་པར་ཐེངས་དང་པོ།
༣༽ ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད། ངག་དབང་ཀུན་དགའ་བསོད་ནམས་ཀྱིས་མཛད། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོའི་ཟླ་ ༢ པའི་པར་ཐེངས་དང་པོ།
– འདི་ནི་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་པར་བཏབ་པའི་<<གཙང་ཁུལ་གྱི་བོད་ལུགས་གསོ་རིག་>>དེབ་དང་པོ་ཞེས་པ་ནས་ཟུར་འདོན་ཞུས།
Leave a Reply