རོལ་སྐུད་འཐེན་པའི་མི།

དགེ་གྲྭ་རྒྱལ། རྫ་ཆུ་ཁ།

མི་ཚེ་དབྱངས་ལ་ཆགས་པའི་ནང་རོལ་ནས། །
འཁོར་བའི་སྒྲུང་ལ་དབྱངས་ཀྱི་གབ་ཚིག་བཞག །
ཚིག་གི་མགུར་མའི་དབྱངས་རྟ་མ་བརྙེད་བར། །
དབང་ཕྱུག་ལྷ་མོས་དངོས་གྲུབ་སྩོལ་ཅིག་ཀྱེ། །

སྐྱིད་སྡུག་རེས་མོ་འཁོར་བའི་ཡུལ་གྲུ་ནས། །
ཞེ་མཐུན་དབྱངས་ལ་ཆགས་པའི་ཐོར་བུ་ངས། །
ཚངས་དབྱངས་ལྷ་མོས་བྱིན་རླབས་མ་བསྩོལ་བར། །
དབྱངས་ཚིག་རོལ་མོའི་གད་རྒྱངས་ལྷོད་སྲོལ་མེད། །

མཛེས་པའི་དྲི་ཞིམ་འཐུལ་སའི་ལྡུམ་རར་ཏུ། །
སྙན་ཚིག་དབྱངས་ཀྱི་རྒྱལ་པོ་ཕྲད་པར་སྣང་། །
ཁེར་རྐྱང་ཆང་ལ་རོལ་བའི་བཟི་ཁའི་ཁྲོད། །
སྙན་མཛེས་ངག་གི་གསང་བ་རྟོགས་པར་འཁྲུལ། །

ཚིག་ལ་ཚིག་གི་སྙན་དབྱངས་མེ་ཏོག་བཞད། །
མཛེས་ལ་མཛེས་པའི་ཨུ་དམ་ཝ་ར་བལྟམས། །
རོལ་མོའི་དབྱངས་སྐུད་ཅིག་གི་སྙན་པ་དེས། །
ཤན་པའི་ཀླད་རྒྱ་ལེན་བཞིན་ངའི་སེམས་འཕྲོག །

རྣམ་གཡེངས་ལེ་ལོའི་མི་ཚེ་རྒུད་པའི་ཁྲོད། །
མཛེས་སྙན་ཆགས་པའི་སེམས་རྩ་དལ་ཀྱིས་ལྡིང་། །
སྙན་ཚིག་རོལ་མོའི་དབྱངས་ལ་ཞེན་དྲག་པས། །
འཁོར་བའི་ཁྲོད་ནས་མི་ཚེ་རྒུད་པར་བརྗེད། །

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*