དགེ་གྲྭ་རྒྱལ། རྫ་ཆུ་ཁ།
མ་བཅོས་སྒེག་དང་མཛེས་སྡུག་མཆོག་མངལ་བའི། །
ཚིག་དང་དབྱངས་ཀྱི་སྙན་བའི་བང་མཛོད་མ། །
གན་མིན་འདི་མིན་བརྗོད་བྱ་ཟླ་བྲལ་བ། །
དབྱངས་ཕྱུག་ལྷ་མོས་ངག་གི་མཆོད་དབྱངས་བསྩོལ། །
དབྱར་གསུམ་ཟླ་བའི་ཁྲོད་ན་མི་མཆིས་པའི། །
དགུན་ཟླའི་གངས་དཀར་ཁྲོད་ན་མི་བཞུགས་པའི། །
དཀར་མཛེས་ལང་ཚོ་སྨིན་པའི་འདོད་འགུག་མ། །
དབྱངས་ཅན་ལྷ་མོ་བཙལ་ཡང་བརྙེད་མ་བྱུང་། །
དཔྱིད་དཔལ་བཅུ་དྲུག་ལང་ཚོ་མ་ཡིན་ལ། །
སྟོན་དུས་ནགས་ཁྲོད་མཛེས་བའི་གླིང་ན་མེད། །
འཁོར་བའི་གྲོང་ན་འདི་ཡིན་གན་ཡིན་མེད། །
དབྱངས་ཅན་ལྷ་མོ་བཙལ་ཡང་བརྙེད་མ་བྱུང་། །
དགེ་ཆོས་སྨྱོན་པའི་མཆོད་དབྱངས་བསྩོལ་ན་ཡང་། །
ལྷ་མོའི་གཟུགས་དང་དྲི་ཙམ་མ་བརྙེད་ལ། །
རྒྱལ་སྲས་ཚངས་དབྱངས་ཚིག་ལ་མཁས་ན་ཡང་། །
ལྷ་མོ་བཙལ་ནས་བརྙེད་བའི་ལོ་རྒྱུས་ཅི། །
སྙན་གསུངས་དབྱངས་ཚིག་ཆང་གི་བཟི་རྒོད་དེ། །
ནགས་དང་རྩི་ཤིང་ལྡེམ་སྒྲ་མ་ཡིན་ལ། །
རླུང་དང་ཙགས་ཀྱི་བཞུར་སྒྲ་མ་ཡིན་ལ། །
བཙལ་ཡང་བརྙེད་བའི་སེམས་ལ་ཡིད་ཆེས་གང་། །
འཇོ་སྒེག་ཨུ་དམ་ཝ་ར་མ་ཡིན་ལ། །
མཛེས་གདོང་ཆུ་འཛིན་དཀར་པོ་མ་ཡིན་ནམ། །
དཔེ་དང་དཔེ་འཇོག་བྱེད་བའི་ངང་ཚུལ་དེ། །
བསམ་རེ་འཁོར་ན་དྲན་བའི་སྨྱོ་བཤད་ཙམ། །
མི་ཚེའི་ལོ་ཟླ་ཅི་ཙམ་རིང་ན་ཡང་། །
ལྷ་མོ་བརྙེད་པའི་དུས་སྐབས་མི་མཆིས་པས། །
དེ་ཕྱིར་དད་སེམས་མཆོད་བའི་ངེས་འབྱུང་གིས། །
ལྷ་མོའི་བྱིན་བརླབ་འགུག་བའི་ནུས་ཤུགས་ལྡན། །
རྒྱ་གར་སྙན་ངག་སྨྲ་བའི་ནག་མོ་ཁོལ། །
གློ་བོར་མི་ལྡོག་དད་བའི་ངེས་བྱུང་དེས། །
ལྷ་མོས་བྱིན་བསླབ་བསྩོལ་པའི་བར་ཁྲོད་ནས། །
མ་བསྩོལ་དབང་མེད་བྱེད་བའི་དད་སེམས་ངེས། །
འཚོ་བའི་འཚོར་བའི་ནང་ན་མ་བཞུགས་ལ། །
སྒྲ་དང་མཛེས་པའི་ཁྲོད་ན་མི་མཆིས་ལ། །
སྟོང་ཉིད་དད་བའི་ཡིད་ལ་འཁོར་འཁོར་ནས། །
བསམ་རེ་འཁོར་ན་ལྷ་མོ་སེམས་ན་བཞུགས། །
དྲི་དང་ལང་ཚོའི་ནང་ན་མི་བཞུགས་ལ། །
ཡག་དང་བཙོག་པའི་ཁྲོད་ན་མི་འཁོར་ལ། །
མ་བཅོས་དད་བའི་སེམས་ལ་བཞུགས་བསྩོལ་བས། །
བསམ་རེ་འཁོར་ན་ལྷ་མོ་སེམས་ན་བཞུགས། །
བྱིན་བརླབ་བསྩོལ་དང་མི་བསྩོལ་བ། །
རང་རང་སེམས་ཀྱི་རྣམ་རྟོགས་ཙམ། །
དབྱངས་ཕྱུག་ལྷ་མོ་སངས་རྒྱས་ཕྱིར། །
བྱིན་བརླབ་བསྩོལ་ས་གཉེན་དགྲ་མེད། །
ལྷ་མོས་བྱིན་བརླབ་གནམ་གྱི་ཐོག་མདའ་བཞིན། །
སྐད་གཅིག་མྱུར་ལ་བསྩོལ་བ་ལྷོད་ཉམས་མེད། །
མ་བཅོས་དད་བའི་ཡིད་སེམས་དྭངས་གཙང་ན། །
ལྷ་མོས་བྱིན་བརླབ་འདི་ལ་གཉེན་དགྲ་མེད། །
མ་བཅོས་སྒེག་གི་རང་མདངས་དཀར་པོ་ཆུ་འཛིན་དཀར་པོ་ཞེས་ཀྱང་མ་ཡིན་ལ། །
གཞོན་སྐྱེས་ལང་ཚོ་དར་ལ་བབས་པའི་དཔྱིད་དཔལ་བརྗོད་ཀྱང་སྨྱོ་བཤད་ཙམ། །
སྙན་གསུངས་ངག་གི་ཚིག་དང་རོལ་སྐུད་ཁུག་བྱུག་བཞག་ཀྱང་འཁྲུང་སྣང་ཙམ། །
དབྱངས་ཕྱུག་ལྷ་མོ་མཛེས་སྡུག་མཆོག་མངལ་ཟླ་བྲལ་ཕྱིར་ན་དཔེར་མི་མཆིས། །
སྔོན་དང་ད་ལྟའི་བར་ཁྲོད་དུ། །
རྩོམ་དང་ཚིག་གི་བསླུ་བས་འོག །
ཕྲ་མེད་མ་ཡི་སོ་ནམ་བཞིན། །
ཕན་ལས་གནོད་པའི་ནུས་ཤུགས་དྲག །
ད་བཟུང་དད་བའི་བློ་སེམས་འདི། །
རབ་བརྟན་རི་བོ་གྲུབ་འཛིན་ཚུལ། །
དྭངས་གཙང་མཚོ་ཡི་མེ་ལོང་བཞིན། །
ལྷ་མོས་བྱིན་བརླབ་རབ་འཁོར་ཤོག །
ལུས་གཟུགས་ས་ལ་མ་ཟག་བར། །
དད་དང་མཆོད་པའི་ཞབས་ཕྱགས་འཚལ། །
ལྷ་མོས་བྱིན་བརླབ་ཉིན་ཞག་མཚན་ལ་བསྩོལ། །
མཐར་གཏུགས་དབྱངས་ཅན་མ་དང་དབྱེར་མེད་ཤོག །
Leave a Reply