ཁྱེད་ཀྱི་སྒེག་གི་རང་གཤིས།

དགེ་གྲྭ་རྒྱལ། རྫ་ཆུ་ཁ།

མཛེས་པའི་ཨུ་དཔལ་ལང་ཚོ་དཔྱིད་ཀྱི་དཔལ། །
སྙན་གསུང་ཁུ་བྱུག་ངག་གི་ཟླ་བྲལ་བ། །
སྐྱེ་དགུའི་ཚོགས་རྣམས་འགུག་པའི་ཡིད་དབང་མ། །
མཚོ་བྱུང་ངག་གི་དབང་ཕྱུག་དབྱངས་ཅན་མས། །
ད་དུང་བདག་ལ་ངག་གི་དབང་ཕྱུག་སྩོལ། །

མ་བཅོས་སྒེག་གི་མཛེས་སྡུག་མཆོག་མངལ་བས། །
ཚིག་གསུམ་ལབ་སའི་བརྩེ་བའི་བདག་མོ་འདོད།
ཁྱེད་ཀྱི་འཇིག་རྟེན་འཁོར་བའི་གྲུ་ཆུང་ན། །
ཁོ་བོ་བསྡད་སའི་གནས་ཚང་ཨེ་ཡོད་ལགས། །

ཁྱེད་ལ་ལྟས་ན་ཡོད་ཚད་མཛེས་པ་དང་། །
ཁྱེད་ལ་ཉན་ན་ཡོད་ཚད་སྙན་པར་སྣང་། །
མཛེས་པའི་སྒེག་གི་ལུས་ཀྱི་བ་སྤུ་ཡང་། །
ཡིད་སེམས་འཆོར་སའི་ཨུ་དམ་ཝ་རའི་ཚུལ། །

རབ་དཀར་གདོང་གི་འཛུམ་ཆུང་པད་དཀར་དེ། །
ནང་སེམས་འཁྲུལ་ནས་མིན་ལམ་ཡང་ཡང་འཆར། །
འཆར་བའི་ཚུལ་ལ་སྒེག་གི་རང་གཤིས་རེ། །
བསམ་ན་དུང་བའི་སྙིང་རྩ་དལ་དལ་མིན། །

དབུ་ཡི་སྐྲ་ལོ་ནག་སྣུམ་རླུང་གིས་སྤྱོད། །
མིག་ཟུང་ས་སྲོད་ཨུད་པལ་ལྡེམ་པའི་ངང་། །
མཆོག་གྱུར་སྒེག་གི་མེ་ཏོག་མཛེས་དྲགས་པས། །
བདག་སེམས་བོང་བའི་ཚོགས་རྣམས་དབང་མེད་འགུག །

འཛུམ་ཆུང་པདྨ་དཀར་པོ་ལྡེམ་མཚུངས་དང་། །
ཚིག་འཇམ་ངག་གི་ལྷ་མོ་བྱོན་པའི་ངང་། །
མཚུངས་མེད་བུ་མོ་དཔྱིད་ཀྱི་འཇོ་སྒེག་མཁན། །
བདག་ལ་སེམས་ཀྱི་ཁ་ཕྱོགས་འཛིན་སྟངས་ཅི། །

སྐབས་རེ་འཕྲད་པའི་མིག་གིས་ལྟ་ཐེངས་རེར། །
སེམས་ལ་ཅི་ཡང་འཁོར་རྒྱུ་མི་འདུག་པས། །
བཤད་འདོད་ཚིག་དག་བརྗེད་ནས་ལོ་དགུ་བཞིན། །
གླེན་པའི་ངང་ཚུལ་སྒེག་གིས་བཟི་བ་འདྲ། །

སྙན་སྙན་ངག་གིས་སླུས་ན་ཨེ་ཆོག་གི །
མཛེས་མཛེས་ཚིག་གིས་སླུས་ན་ཨེ་ཆོག་གི །
གཙང་གཙང་སེམས་ཀྱི་ཕྱི་ནང་ལ། །
འཁོར་འཁོར་ཁྱེད་སྒེག་རང་འདངས་འཁོར། །

དགའ་དགའ་ཁྱེད་ཀྱི་ཡོད་ཚད་དགའ། །
འགུག་འགུག་འཇོ་སྒེག་མཛེས་པའི་འགུག །
དུང་དུང་ཚེ་ཡི་འདུན་མ་དུང་། །
ཁོ་བོའི་གྲོང་ལ་ཁྱེད་བཞད་མཛོད། །

འཇོ་སྒེག་མཛེས་པའི་ཨུ་དམ་ཝ་ར་བུང་བའི་ཚོགས་རྣམས་འཁོར་བའི་རྣམ་པ་ནི།
དམ་པའི་རང་ཚུགས་བསླུ་མེད་འགུག་པའི་སྐྱེས་བུའི་གསུང་གི་ངང་ཚུལ་བཞིན། །
མ་བཅོས་གདོང་གི་དཀར་འཇམ་དེ་ཡིས་སྐྱེ་དགུའི་འདོད་ལྡན་སེམས་རྩ་དཀྲུག །
མཚན་མོའི་རྨི་ལམ་ཡང་ཡང་འཁྲུལ་ནས་ཉིད་ལ་སླུ་ཚིག་གྲངས་ལས་འདས། །

མ་བཅོས་གདོང་གི་འཛུམ་ཆུང་དེ་ནི་པད་མ་དཀའ་པོའི་རང་མདངས་ཅན། །
མ་བཅོས་ངག་གི་དགོད་སྒྲ་དེ་ནི་ཚངས་དབྱངས་ལྷ་མོའི་རོལ་སྐུད་བཞིན། །
མ་བཅོས་སྒེག་གི་རང་མདངས་དཀར་པོ་མཚོ་བྱུང་ལྷ་མོའི་རྣམ་རོལ་བཞིན། །
མ་བཅོས་མཛེས་སྡུག་ལྟ་ན་སྡུག་པའི་ཟླ་བྲལ་བུ་མོ་ཚངས་སྲས་དངོས། །

ཁྱེད་ཀྱི་སྒེག་གི་རང་གཤིས་བཙན་པོས་ཁོ་བོ་གནང་བའི་ངང་ཚུལ་ནི། །
ཁྱེད་ལ་དུང་བའི་ཚིག་གི་སྟེང་འོག་ཁེར་གཏམ་ལབས་པའི་གཞི་མ་དང་། །
ཁྱེད་ལ་དགའ་བའི་སེམས་པའི་ཕྱི་ནང་མཚན་མོའི་ཟླ་བ་གཅིག་པུས་ངེས། །
ཁྱེད་ལ་དགའ་བའི་ལོ་ཟླའི་འཚོ་བ་དྲན་པའི་ཉིན་མཚན་བསྐྱལ་ནས་འདས། །

ལང་ཚོ་དཔྱིད་གྱི་སྒེག་གིས། །
ཁོའི་སེམས་སད་དུ་ཅིག་ནས། །
འཇིགས་རྟེན་གླིང་ཁའི་ཡུལ་ནས། །
མཛེས་པའི་ཡང་སྙིང་ངོམ་བྱུང་། །

བཅུ་དྲུག་འཇོ་སྒེག་དེ་ཡིས། །
མཛེས་པའི་མེ་ཏོག་བཞད་ནས། །
མཛེས་དགའ་འདོད་དགའི་ཚོགས་རྣམས།
མ་བཅོས་སྒེག་གིས་སླུས་བྱུང་། །

ཆོམ་འཕྲུལ་ངག་གི་ཚིག་དེས། །
ཁུ་བྱུག་དབྱར་ལ་སླེབས་འདྲ། །
མི་སེམས་དབང་མེད་འགུག་པས། །
ཁྱེད་ངག་དྲན་པའི་གཞི་རེད། །

མཛེས་གོས་འོག་གི་འཇོ་སྒེག །
དབྱངས་ལ་ཚིག་སྙན་བཞག་འདྲ། །
འཁོར་པའི་གླིང་ཁ་འདི་ནས། །
ཁྱེད་ཉིད་མཛེས་པའི་རྒྱན་གཅིག །

ང་དགའ་བཞིན་དགའ་བཞིན་ཁྱེད་ལ་དགའ། །
ཁྱེད་དགའ་སའི་མི་བུ་ཡོད་ཀྱང་རུང་། །
སེམས་དགའ་བའི་རེ་བསྙེག་མ་ཉམས་ན། །
ཁྱེད་ཐོབ་པའི་གོ་སྐབས་ཅི་ལ་མེད། །

ང་དུང་བཞིན་དུང་བཞིན་ཁྱེད་ལ་དུང་། །
ཁྱེད་དུང་སའི་ཕོ་རྒོད་ཡོད་ཀྱང་རུང་། །
རང་སེམས་ཀྱི་འདུན་པ་མ་ཉམས་ན། །
ང་དུང་བ་ཉིད་ཀྱིས་ཤེས་པར་སླ། །

ང་ཡོང་བཞིན་ཡོང་བཞིན་ཁྱོའི་ཕྱོགས་ཡོང་། །
ཁྱོའི་ཡུལ་ནས་གནས་ཚང་མ་གཡར་རུང་། །
ཁྱོའི་མཛེས་པའི་འཇོ་སྒེག་མཐོང་སྟེང་ན། །
མཚན་གནས་ཚང་མེད་ཀྱང་ཅི་ལ་སྐྱོན། །

ངས་འཆོར་བཞིན་འཆོར་བཞིན་མི་ཚེ་འཆོར། །
ཚེ་འདི་ལ་ཐོབ་བའི་འབྲས་བུ་གང་། །
མཛེས་བུ་མོའི་སེམས་རྩ་ཐོབ་སྟེང་ན། །
ངའི་མི་ཚེ་འཆོར་ཡང་བློ་འགྱོན་ཅི། །

ཐོབ་འཆོར་བའི་མི་ཚེ་རྒུད་ན་ཡང་། །
ཁྱེད་བདག་གི་འཇིག་རྟེན་བཞད་མཛེས་ན། །
ལུས་ལང་ཚོ་རྒུད་པ་མི་འགྱོན་ཏེ། །
སེམས་ཞི་བའི་སོས་དལ་སྐྱིད་པའི་སྣང་། །

ཁ་ཚིག་གིས་དགའ་བ་མི་མཚོན་ཏེ། །
ལུས་བྱ་བས་དུང་བ་མི་ངེས་ཏེ། །
སེམས་དྭངས་མོ་མཚོ་མའི་ཁ་དོག་སྟེ། །
ཁྱོ་བཤད་སྒྲུབ་གཉིས་ཀིས་ཅི་ལ་དག །

གློ་བུར་དགའ་བའི་འདུན་པ་མ་ཡིན་ཏེ། །
དུང་སེམས་མཚོ་མོའི་རང་འདངས་མི་འགྱུར་ལ། །
མཛེས་དང་དྲི་ཡི་ཨུ་དམ་ཝ་ར་ཁྱེད། །
ཁོ་བོ་དབང་བའི་འཇིག་རྟེན་བཞད་པར་སྒུག །

སྙན་ངག་ཁྲི་སྟོང་འགའ་ཡི་བརྗོད་བྱ་ཁྱེད། །
བརྗོད་བྱེད་ཚིག་གི་སྟེང་འོག་མ་སྙན་རུང་། །
སེམས་ཀྱི་དབྱངས་རྟ་དཀྲོལ་བས་ཚིགས་བཅད་འདེ། །
ཁོའི་སེམས་གཡར་མའི་གཞི་མ་ཅི་ལ་མིན། །

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*