ས་སྐྱ་པས་བོད་སྲིད་བསྐྱངས་ཚུལ་སྐོར་བཤད་པ།

དེའང་ས་སྐྱ་པ་ལ་ཧོར་གོང་མ་ཆེན་པོའི་རྒྱབ་སྐྱོར་དང་བཀུར་གཟོ་བླ་ན་མེད་པ་ཐོབ་པར་བརྟེན་རབ་བྱུང་བཞི་བའི་ཤིང་གླང་སྤྱི་ལོ༡༢༦༥ལ་འགྲོ་མགོན་འཕགས་པ་སྐུ་མཆེད་གཉིས་ཧོར་ཡུལ་ནས་མཛད་འཕྲིན་རབ་ཏུ་རྒྱས་ཏེ་བོད་དུ་ཡར་ཕེབས། དེ་ལ་ཧོར་སེ་ཆེན་རྒྱལ་པོས་འགྲོ་མགོན་འཕགས་པ་དབུ་བླ་བསྟེན་ནས་དབང་ཡོན་ལ་དབུས་གཙང་ཁྲི་སྐོར་བཅུ་གསུམ་གཙོས་པའི་བོད་ཆོལ་ཁ་གསུམ་པོ་ཕུལ་བར་གྲགས་པ་ལྟར། འགྲོ་མགོན་འཕགས་པར་གུ་ཤྲི་གོ་གནས་དང་བཅས་བོད་ཁམས་ཀུན་གྱི་ཆོས་སྲིད་གཉིས་གའི་བདག་པོ་བསྐོས་པར་མ་ཟད་རྒྱལ་ཡོངས་གྱི་ཆོས་ལུགས་ལས་ཁུངས་མཐོ་ཤོས་ཙོང་ཀྲི་ཡོན(总政院)བྱ་བའི་དབང་འཛིན་དུའང་བསྐོས་ཡོད་སྟབས།  ཁོང་བོད་ཕྱིར་ཕེབས་ཐུབ་པ་བྱུང་ཡང་རང་ས་ནས་ཡུན་རིང་བོར་རྒྱུན་བཞུགས་གནང་བའི་གོ་སྐབས་མེད་པས།  དེ་ལ་རང་གི་གཅུང་འགྲོ་མགོན་ཕྱག་ན་ལ་སེ་ཆེན་རྒྱལ་པོས་པེ་ལེན་ཝང་གི་ཐབས་དང་དམ་ཁ་གནང་ཡོད་པ་བཞིན་བོད་ཆོལ་ཁ་གསུམ་གྱི་ཁྲིམས་བདག་ཏུ་བསྐོས་ནས་བོད་ཡུལ་དུ་སྲིད་དབང་གཉེར་ནས་བཞུགས་སུ་བཅུག་ཡོད་ཀྱང་། ཁོང་ཡང་སྲིད་སྟེགས་ནས་ལོ་ངོ་གསུམ་ཙམ་ལས་བཞུགས་མ་ཐུབ་པར་རབ་བྱུང་ལྔ་པའི་མེ་ཡོས་སྤྱི་ལོ༡༢༦༧ལ་དགུང་གྲང་ཉེར་དགུའི་སྟེང་གློ་བུར་དུ་སྐུ་འདས་པས་བོད་ཀྱི་སྲིད་དབང་སྐྱོང་མི་ཡང་བསྐྱར་བཀོད་སྒྲིག་བྱ་དགོས་པ་བྱུང་བས་འགྲོ་མགོན་འཕགས་པས་ས་སྐྱར་དཔོན་ཆེན་བསྐོ་བའི་ལམ་ལུགས་བཙུགས།
  དེ་ལ་འདིར་སེ་ཆེན་རྒྱལ་པོས་འགྲོ་མགོན་ཕྱག་ནར་གནང་བའི་ཐབས་ལ་པེ་ལེན་ཝང(白兰王)བྱ་བའི་གོ་དོན་ཅི་ཡིན་སྙམ་ན། དེང་གི་རྒྱ་རིགས་མཁས་པ་མང་ཤོས་དང་རྒྱ་ཡིག་སྟེང་བརྟག་དཔྱད་གནང་བའི་བོད་མི་འགས་རྒྱའི་སྔ་རབས་ཡིག་ཆར་བཀོད་པ་ལྟར་པེ་ལེན་ནི་བོད་ཆེན་པོའི་རྒྱལ་རབས་མ་ཚུགས་གོང་དུ་མཚོ་སྔོན་ལྷོ་ནུབ་དང་སི་ཁྲོན་བྱང་ཕྱོགས་ཀན་སུའུ་ཁྲིང་ཆེན་གྱི་ལྷོ་རྒྱུད་མཚམས་སུ་སྡོད་པའི་གནའ་བོའི་ཆཱང་གི་ཁོངས་གཏོགས་ཀྱི་རུས་རྒྱུད་ཚོ་ཁག་ཆེན་པོ་ཞིག་ཡིན་པ་དང༌།  བོད་ཆེན་པོའི་མངའ་ཁོངས་བྱང་ཤར་དུ་རྒྱ་བསྐྱེད་རྗེས་བོད་གྱི་མངའ་རིས་སུ་གྱུར་ཏེ་རིམ་གྱིས་པེ་ལེན་བྱ་བའི་རིགས་དང་མིང་ལོགས་སུ་མ་བྱུང་བས་བོད་ནང་དུ་ཐིམ་ཚུལ་སོགས་རྒྱས་པར་བཤད་འདུག་ཀྱང༌།  འོན་ཏེ་བོད་རང་གི་མཁས་པ་ལ་ལ་དེར་མི་འཐད་དེ་འགའ་རེས་པེ་ལེན་བྱ་བ་ནི་བོད་རིགས་དྭངས་མ་སྔོན་དུས་ཀྱི་གླིང་དཀར་སྟོད་གེ་སར་རྒྱལ་པོ་འཁྲུངས་ཡུལ་དེང་གི་མདོ་ཁམས་ས་ཆར་ཆགས་པའི་བོད་མི་འདི་དག་ཡིན་པར་མ་ཟད།  པེ་ནི་རྒྱ༌སྐད་ཀྱི་དཀར་པོ་དང་ལེན་ནི་གླིང་གི་སྒྲ་བསྒྱུར་ལས་མིང་ཆགས་པར་བཞེད་ལ། ཡང་དེ་ལ་རྒྱུ་མཚན་གཏན་མེད་པ་ཞིག་མིན་ཏེ་བློ་མཐུན་དགེ་ལེགས་ཀྱིས་རང་གི་པའོ་ཧྲིའི་དཔྱད་རྩོམ《བོད་པའི་རིག་གནས་ཀྱི་འབྱུང་ཁུངས་གྲུབ་ཚུལ་དང་མཐའི་མི་རིགས་བར་གྱི་འབྲེལ་བའི་སྐོར་དཔྱད་པ》ཞེས་པའི་ནང་པེ་ལེན་ཆཱང་དང་གླིང་གེ་སར་གྱི་མི་རྒྱུད་སྨུག་པོ་ལྡོང་གཉིས་རིགས་ཀྱི་མིང་ནས་རྗེ་བོའི་རུས་དང་ཡུལ་ཁམས་འཚོ་བའི་རྣམ་པ་མ་ཟད། ལོ་རྒྱུས་ཀྱི་བྱུང་བ་གླེང་སྟངས་བཅས་ཕྱོགས་ལྔའི་སྒོ་ནས་འདྲ་མཚུངས་ཡིན་པ་སྒྲུབ་བྱེད་མང་དུ་བཏང་ནས་བཤད་ཡོད་པ་བཞིན་པེ་ལེན་བྱ་བ་ནི་གླིང་དཀར་པོའི་མི་རྒྱུད་ཀྱི་མེས་པོ་གོང་མ་དག་ལ་ཟེར་བ་ཡིན་སྲིད་ལ། ཡང་དགེ་ལེགས་ཀྱིས་པེ་ལེན་ཞེས་པའི་ཐ་སྙད་བྱུང་ཚུལ་སྐོར་ལ་སྒྲ་བཤད་འདྲ་མིན་འགའ་བཙལ་འདུག་མོད། ཁོ་བོས་བསམ་ན་གླིང་དཀར་བྱ་བའི་སྒྲ་དོན་ཟུང་སྒྱུར་གྱིས་མིང་གྲུབ་པར་བཞེད་ན་བདེན་ཤས་ཆེ་སྙམ་སྟེ།  དཔེར་ན་སྔོན་ཆད་འབྲི་ཆུ་ལ་རྒྱ་ཡིག་ཏུ་མའོ་ཉུའོ་ཧོ(牦牛河)ཞེས་དོན་བསྒྱུར་བྱས་ཡོད་པ་ལྟ་བུ་རིགས་འགྲེ་མཐོང་རྒྱུ་འདུག་པས་སོ།།  ཡང་ཁོང་གིས་སྔར་གྱི་པེ་ལེན་ཆཱང་དེ་བོད་རིག་ཀྱི་ཁོངས་སུ་ཐིམ་ནས་ཕྱིས་སུ་ཡང་བསྐྱར་དར་འཕེལ་བྱུང་བ་ནི་གླིང་གི་མི་ཡིན་ཚུལ་སོགས་བཤད་ཡོད་མོད།  འོན་ཀྱང་ཐིམ་ནས་ཡང་བསྐྱར་དར་བ་ཡིན་དགོས་པའི་རྒྱུ་མཚན་མེད་དེ།  གཅིག་ཐང་ན་སྔར་གྱི་རྒྱལ་ཕྲན་དེའི་སྟོབས་མ་ཉམས་ནས་ཡོད་པ་ཕྱིས་སུ་བོད་སིལ་བུར་འཐོར་རྗེས་སྟོབས་ཤུགས་མངོན་དུ་སོང་བའང་ཡིན་སྲིད་དེ།  དཔེར་ན་དབུས་ཕྱོགས་ཀྱི་ཀོང་དཀར་པོ་ལྟ་བུ་བོད་ཆེན་པོའི་སྐབས་ཡིན་ཀྱང་རྒྱལ་ཕྲན་བྱས་དམིགས་བསལ་གྱི་དབང་ཆ་ཡོད་པ་ལྟ་བུའོ།། ཡང་དཔྱད་གཞི་ཞིག་ལ་སྐུ་ཞབས་བོད་མིང་དབང་རྒྱལ་དང་བསོད་ནམས་སྐྱིད་གཉིས་ཀྱིས་བསྒྲིགས་པའི《བོད་ཀྱི་ཁྲམ་ཡིག་ཕྱོགས་བསྒྲིགས》(吐蕃简牍综录)ཞེས་པའི་ནང་དུ“ཆོག་རོ་རྩང་བཞེར་ཁྱི་དང་སྤྲང་རྗེ་སྟག་བཟང་འཆོས་ཀྱི་རྟ་དང……།”ཞེས་པའི་ཁྲམ་ཡིག་ནང་གི་སྤྲང་རྗེ་བྱ་བ་རྒྱ་ཡིག་ཏུ་སྒྱུར་སྐབས་མཆན་འགྲེལ་དང་བཅས་པེ་ལེན་ཝང(白兰王)ཞེས་བཀོད་ཡོད་པར་མ་ཟད། 《ཆོས་འབྱུང་མཁས་པའི་དགའ་སྟོན》ནང་གི“དྲང་རྗེ་ཕ་ལྔའི་ཡུལ”བྱ་བའི་དྲང་རྗེ་ཞེས་པ་དེའང་འདི་དང་དོན་གཅིག་པ་ལྟ་བུ་བྱས་འདུག

མཚོ་སྔོན་པོ་དྲ་རྒྱ་ལས་བཏུས།

Be the first to comment

Leave a Reply

Your email address will not be published.


*