ཟླ་བའི་སྲིང་མོར་བསྔགས་པ་དད་གསུམ་གྱི་ཀློང་ནས་ཐོན་པའི་པི་ཝང་དཀར་པོའི་རང་སྒྲ།
རྩོམ་པ་པོ། ལྷ་རུས་རྐང་།
ཡན་ལག་བརྒྱད་ལྡན་ཆུ་གཏེར་ཀློང་ལས་དྲི་མེད་ཆུ་སྐྱེས་རབ་ཏུ་བཞད། །
ཁྲི་ཡི་ཐོག་ཏུ་དབྱངས་ཅན་དགའ་མའི་བཅུ་དྲུག་ལང་ཚོ་ལྟ་ན་སྡུག །
མ་ཟད་རྒྱུད་མངས་སྒྲ་ལས་དྲངས་ནས་སྙན་འཇེབས་ངག་གིས་སྟོང་གསུམ་འགུལ། །
ཚངས་སྲས་མ་ཀྱེ་མགྲིན་པར་བཞུགས་ནས་ངག་གི་དངོས་གྲུབ་ཅི་ཡང་སྩོལ། །
ཟབ་ཡངས་རྒྱ་མཚོའི་ཀློང་ལས་ཐོན་པའི་ཚངས་པའི་སྲས་མོ་སྒྲ་འཛིན་མ། །
ལྡེམ་མྱུར་སོར་མོས་རྩལ་བརྒྱ་ངོམ་ལ་དགུང་སྔོན་དབྱིངས་ནས་འདིར་གཤེགས་ཤིག །
སྙན་ངག་སྨྲ་བས་མགྲིན་པར་གནས་ཏེ་གསུང་དབྱངས་དག་གི་དཔལ་སྟེར་མ།།
དད་པས་འབོད་ན་མྱུར་དུ་ཕེབས་ལ་སྙན་པའི་ཚིག་གིས་རམ་འདེགས་མཛོད། །
བརྒྱད་གཉིས་ན་སོན་སྐུ་ལ་རྫོགས་པ་ཟླ་བའི་འཛུམ་ཞལ་ལྷ་མོའི་མཆོག །
མ་བཅོས་མགྲིན་པའི་མགུར་དབྱངས་སྙན་མོས་སྐྱེ་རྒུའི་ཡིད་ཀྱི་གདུང་སེམ་མ། །
དད་གསུམ་གཙང་མས་ཡོན་མཆོད་ཕུལ་ན་ཐུགས་ཀྱིས་དགོངས་ཏེ་བྱིན་རླབས་སྩོལ། །
ཉིད་ཀྱི་དངོས་གྲུབ་དཔལ་ལ་རོལ་ཏེ་རྨོངས་པའི་མཚོ་ལས་རབ་གྲོལ་ཤོག །
འཇོ་སྒེག་ཉམས་ཀྱིས་ཀུན་ནས་ཕྱུག་པའི་སུམ་རྩེན་ཡུལ་གྱི་གཟུགས་ལྡན་མ། །
གནག་སྣུམ་དབུ་སྐྲ་དལ་གྱིས་གཡོ་སྟེ་དུང་སོ་དག་ཀྱང་ཚར་དུ་དངར། །
མཛེས་སྡུག་ཡིད་འོང་སྤྱན་དཀྱུས་རིང་མོ་གཞན་ལས་འཕགས་པའི་ཡིད་འཕྲོག་མ། །
ས་གསུམ་སྙན་པའི་ཐ་སྙད་མ་ལུས་ཅིག་ཅར་བདག་ལ་གནང་བར་མཛོད། །
དཀར་གསལ་མཛེས་ཤིང་མཉེན་གྱིས་ཁེངས་པའི་སྐུ་ལུས་རིན་ཆེན་ཕུང་པོ་ལ། །
སྲབ་འཇམ་མཛེས་པའི་རིན་བྲལ་དར་གྱི་ན་བཟའ་བཟང་པོས་ཡོངས་སུ་བཀླུབས། །
སྨྱུག་འཛིན་བུ་ངས་དད་པའི་ཚིག་གི་མེ་ཏོག་སྣ་ཚོགས་ཁྱེད་ལ་མཆོད། །
དྲན་སྣང་དཀྱིལ་གྱི་ཐ་སྙད་མཐའ་དག་བརྗོད་པའི་སྤོབས་པ་གནང་བར་མཛོད། །
མདུན་གྱི་ནམ་མཁར་ལྟ་བས་མི་ངོམ་ཡིད་འཕྲོག་རིན་ཆེན་བརྗིད་པའི་ཁྲིར། །
ཆུ་སྐྱེས་གཞོན་ནུ་ཉི་ཟླ་རབ་རྒྱས་དཀྱིལ་འཁོར་ཡངས་པོའི་གདན་སྟེང་དུ། །
ཤིན་ཏུ་ཉམས་ཅན་པི་ཝང་བསྣམས་པའི་ངག་གི་འདོད་འཇོ་དབྱངས་ཀྱི་གཏེར། །
སྒྲ་འཛིན་ལྷ་མོས་མོས་པའི་བུ་ལ་དབྱངས་ཀྱི་སྦྲང་ཆར་ད་ཕོབས་ཤིག །
ཁྱེད་ཀྱི་ཡོན་ཏན་རྡུལ་དང་མཉམ་པས་བརྗོད་པའི་ནུས་པ་བདག་ལ་མེད། །
ཁྱེད་ཀྱི་ལང་ཚོ་ཀུན་ལས་མཛེས་པས་འདི་དང་འདྲ་བའི་འདྲ་ཆོས་དབེན། །
ཁྱེད་ཀྱི་གསུང་དབྱངས་ས་གསུམ་སྙན་པས་དཔེ་ཟླར་འོས་འཚམས་རྙེད་མ་ཡིན། །
ཁྱེད་ཀྱི་ཡེ་ཤེས་གཟི་འོད་གཅིག་གིས་བདག་སོགས་རྨོངས་པའི་སྨག་ཆེན་སོལ། །
འགག་མེད་མི་འགྱུར་གསུང་གི་སྒྲ་ལས་ཤེས་བྱ་རྒྱ་མཚོའི་ཡང་སྙིང་རྡོལ། །
ཆད་མེད་རྒྱུད་མངས་སྐུད་པའི་གདངས་ལས་ཤེས་རབ་འོད་ཀྱི་ཟེགས་མ་འཕྲོ། །
ཤེས་རབ་མཆོག་སྩོལ་ངག་གི་དཔལ་སྟེར་ངག་གི་གཙོ་མོ་དབྱངས་ཅན་མས། །
མི་ཕྱེད་དད་པས་རིང་དུ་བསྐྱང་བར་སྨོན་ལམ་ཟབ་མོ་ཡང་ཡང་འདེབས། །
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།