བརྩེ་བའི་གཤེད་མ།

ཁག་དང་པོ།

 དགེ་གྲྭ་རྒྱལ། རྫ་ཆུ་ཁ།

ལང་མཚོ་མཚར་སྡུག་མངར་བའི་ཡིད་འཕྲོག་མ། །
ངོམ་མཚར་རྨད་དུ་བྱུང་བའི་འཇོ་སྒེག་མཁན། །
དཔྱིད་ཀྱི་སྒེག་གི་བུང་བ་འགུག་མཁས་པའི། །
མཚོ་བྱུང་ལྷ་མོས་ངག་གི་བྱིན་བརླབ་བསྩོལ། །

བརྩེ་བའི་འདུན་མ་གཞན་ལ་མ་བཞག་ལ། །
འཁོར་བའི་སྙིང་པོ་ཡིད་ནས་མ་འདོར་ལ། །
ལུས་ཀྱི་སྒེག་དང་མཛེས་ལ་མ་ཆགས་ལ། །
གློ་བར་ཐོག་གི་གློག་འདན་འཕྲོས་པ་བཞིན། །
སེམས་ཀྱི་སྟེང་འོག་གཞི་ནས་མ་སྡད་ལ། །
ཁྱེད་ཀྱི་ཕྱོགས་ལ་འཁོར་བའི་ངང་ཚུལ་དྲག །

དགའ་བའི་འདུན་པ་སྲིད་ན་མི་ཤོངས་ལ། །
དུང་བའི་ཚིག་འདི་རི་རབ་ལྷུན་པའི་ཚུལ། །
འཚོ་བའི་སྙིང་བོ་སྙིང་གི་ཤ་ཁྲག་ལ། །
མ་བཅོས་དྭངས་གཙང་མཚོ་ཡི་མེ་ལོང་བཞིན། །
དུས་གཏན་ཁྱེད་ཀྱི་སྒེག་གི་གཟུགས་འཆར་བཞིན། །
བློ་དང་སེམས་ལ་གཞན་ཞིག་བཞད་པར་ཅི། །

བློ་དཀར་བློ་ལ་གཞུ་ནས་མ་འཁོར་ལ། །
འཁོར་བའི་འཁོར་སྙིང་བློ་གཏན་མ་བྱུང་ངམ། །
སེམས་དང་སེམས་པའི་སྟེང་ལ་དུག་མདའ་ཕོག །
ན་ཟུག་བཟི་ཁའི་སྨྱོས་གཏམ་ཕྱི་ལ་འཆོར། །

གཞན་དང་མཐུན་པའི་ཕྱི་ཚུལ་མ་མཐོང་ལ། །
ང་དང་མཐུན་པའི་ཕྱི་ཐག་ཇེ་རིང་སོང་། །
འཁོར་བའི་སྙིང་བོའི་བློ་ཕྱོགས་རྒྱས་སོང་ངམ། །
ཡང་ན་ཁོ་བོའི་བློ་ཁོག་ཆུང་སོང་ངམ། །

སེམས་པའི་སྣང་བ་གཞི་ནས་འཁྲུལ་སོང་ངམ། །
ཞེན་འདང་ཆེ་བའི་དགའ་བ་གྲགས་སོང་ངམ། །
ཚིག་ལ་ཚིག་གི་སྐྱོ་བའི་དབྱངས་ཚིག་འདི། །
མ་བྲིས་སེམས་ཀྱིས་བཟོད་ཐབས་མ་བྱུང་ངོ་། །

ཁག་གཉིས་པ།

ལང་ཚོ་དཔྱིད་ཀྱི་དཔལ་ཡོན་རྒྱས་པའི་པད་དཀར་གདོང་གི་རང་མདངས་མཛེས་པའི་ཚངས་སྲས་བུ་མོ་ཟླ་བྲལ་བཞིན། །
འདོད་ལྡན་བུང་བའི་ཚོགས་རྣམས་འགུག་པའི་སྦྲང་ལྡན་ཨུད་དཔལ་ཡིད་དབང་འཕྲོག་པས་སྐྱེ་དགུའི་འདོད་འགུག་མཛེས་དཔལ་མ། །
བརྩེ་བའི་སྨན་ཆར་མཛེས་པའི་རྒྱན་ཆ་གཡོན་མའི་ལུས་ཀུན་ལྷ་ཡི་སྲས་མོ་བདག་གི་སེམས་ཀྱི་བརྩེ་འདུན་མས། །
ཟླ་འགའ་འགོར་བའི་དུས་ཡུན་འཆར་སྐབས་ཁོ་བོའི་བརྩེ་བའི་འདུན་མ་འདི་ལ་སྙིང་རྗེ་མེད་པའི་གཤེད་མའི་ཚུལ། །

ཁོ་བོ་གཞན་ལ་མ་ཞེན་ཁྱེད་ལ་ཞེན། །
ཁོ་བོ་གཞན་ལ་མ་མཐུན་ཁྱེད་ལ་མཐུན། །
ངའི་ཞེ་མཐུན་འཁོར་བའི་རི་རབ་བཞིན། །
ངའི་བརྩེ་བའི་གཤེད་མ་སུ་ཡིས་ཤེས། །

ཤེས་མ་ཤེས་བར་ནས་གཤེད་མ་དེ། །
གློ་སེམས་པའི་སྟེང་ནས་མ་འཁོར་རམ། །
ང་ཡིད་ཆེས་ཁྱེད་ཡོད་གཞན་ལ་མེད། །
གློ་ཁ་ཁོག་གཉིས་ལ་མ་འཆར་ལ། །
ལུས་ཡིད་སེམས་སྡུག་གི་རྒྱལ་མོ་དེ། །
སྙིང་ཁྲག་གི་བར་ནས་དྲི་ཐིག་རེད། །

ང་གཞན་ཉིད་མ་དགའ་བློ་ཕྱོགས་ཁྱེད། །
ངས་གཞན་ཉིད་མ་སྒུག་ཁྱེད་ལ་སྒུག །
ཞག་ཉིན་མཚན་ལོ་ཟླའི་བར་འཚམས་ནས། །
ངའི་འདུན་མའི་སྙིང་བོ་ཁྱེད་ཉིད་སྒུག །
སྒུག་སྒུག་གི་མཐའ་མའི་བར་ཁྲོད་དུ། །
ངུ་དགོད་དགོད་འདྲ་པའི་སེམས་པའི་སྡུག །
སེམས་སྐྱོ་སྐྱོ་ཡིད་ཀྱི་བར་ཁྲོད་ནས། །
ང་སྐྱོ་རུང་ལོས་བརྡ་བྱེད་ས་སུ། །

ང་སྐྱིད་རུང་སེམས་པའི་སྟེང་འོག་དང་། །
ང་སྡུག་རུང་མིག་ཆུའི་ཆུ་ཐིག་ཁྲོད། །
བཤད་བཀའ་པའི་སེམས་པའི་འཚོར་སྣང་དང་། །
དྲན་སླ་བའི་བརྩེ་བའི་གཤེད་མ་ཁྱེད། །
བཤད་མ་འདོད་སེམས་པ་སྡུག་ལ་བསྐྱལ། །
དྲན་མི་འདོད་བརྩེ་བའི་གཤེད་མ་རྒོད། །
སྒུག་སྒུག་གི་འདུན་པ་ཆེ་དྲག་པའི། །
སྡུག་སྡུག་གི་ཡིད་སེམས་ཤི་ཡི་ཚབ། །

བློ་དཀར་མ་ཡིན་ངོ་ལོག་པ། །
བརྩེ་འདུན་མ་ཡིན་གཤེད་མ་ཡིན། །
ཕྱི་ནང་མཛེས་པའི་གཡོན་མ་མིན། །
བརྩེ་བའི་མེ་ཏོག་ངང་གི་ཚུལ། །

འཁོར་བའི་སྙིང་བོ་མ་ཡིན་ལ། །
སྡུག་གི་སྙིང་བོ་ཁོ་ནའི་ཚུལ། །
རེ་ཐག་ཡུན་རུང་བཅང་ཡུལ་མིན། །
གདོང་གཉིས་བྱ་བ་ལྷག་ཏུ་འགྲོ། །

Be the first to comment

Leave a Reply

Your email address will not be published.


*