སྨྲེང་གཞས།

མེ་ཆར། ཡུལ་ཤུལ།

རི་མགོ་སྨུག་པས་བཏུམ་སོང་།
ཁངས་ཆར་འདྲེས་མ་བབས་སོང་། །
ཚོར་བའི་བཟི་ཁ་བཙན་པས། །
ནང་སེམས་སྨྲེང་གླུ་ཤོར་སོང་། །

ནམ་ཟླའི་དྲོད་འཁྱག་བར་གྱི། །
མི་ཚེ་དགའ་སྐྱོ་འདྲེས་མ། །
ཚོར་བ་སྐྱེན་མོའི་གསེང་ནས། །
ངུ་དགོད་སྣང་བརྙན་སྟོན་ཡོང་། །

སྨུག་པ་རི་རྩེར་འཁྲིགས་ཤིང་། །
སྤྲིན་པ་མཁའ་ལ་རྒྱུ་དུས། །
སྨུག་སྤྲིན་ལང་ལོང་བར་ནས། །
སེམས་པ་འཁྱག་པས་འདར་སོང་། །

འཇིག་རྟེན་ཆུ་ཟླའི་སྣང་བརྙན། །
དཔྱིད་གནམ་ཁངས་ཆར་འདྲེས་མ། །
སྐྱིད་སྡུག་གྱ་གྱུའི་རྦ་རླབས། །
མཚོ་མཐའི་བརྒྱུད་ནས་ཤོར་སོང་། །

སྨྲེང་བའི་གཞས་ཆུང་གཉོམ་པོ། །
རི་བོའི་འདབ་ནས་བླངས་ན། །
མཁའ་དབྱིངས་སྤྲིན་པ་སྨྲེང་སྟེ། །
མིག་ཆུའི་ཟེགས་མ་འཐོར་སོང་། །

སྟོང་དབྱིངས་ནམ་མཁའི་ཁམས་ནས། །
སྤྲིན་དཀར་ལང་ལོང་གཡོ་དུས། །
དྲན་པ་རླུང་དང་སྡེབ་སྟེ། །
ངེས་མེད་ཡུལ་ལ་ཆས་སོང་། །

གནམ་ས་གཉིས་ཀྱི་བར་ན།
ཁེར་རྐྱང་སེམས་གཞས་འཐེན་ཞོར། །
ཞེ་སེམས་སྨྲེང་བས་མནར་ཚེ། །
སྐྱོ་བ་དབྱངས་ལ་བཀུག་ཡོད། །

སེམས་ཀྱི་ཚོར་འདུ་གསོན་པོ། །
དབང་མེད་སྨྱུག་རྩེར་བཞུར་དུས། །
དྲན་རྟོག་ཚོར་བའི་རི་མོ། །
ཡི་གེའི་གཟུགས་སུ་ཕབ་ཡོད། །

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*