སྲིད་པའི་ཡུལ་འདིར། འཇིགས་རྟེན་འདིའི་འཁོར་ཡུག

དགེ་གྲྭ་རྒྱལ།

རྐང་གཉིས་གཙོ་བོ་མཚན་བཟུང་དཔེ་བྱེད་རྒྱན། །
སྙིང་རྗེ་བྱང་སེམས་དད་དཔོན་སྟོན་མཆོག་པ། །
འགྲོ་མགོན་ཤཱཀྱའི་སྲས་པོ་གོ་འུ་ཏ་མ། །
སྒོ་གསུམ་དད་པའི་ཞབས་ལ་ཕྱག་གསུམ་འཚལ། །

སྐྱིད་པའི་སྣང་བ་མཐོ་མཐོ་མཁའ་ལ་ལྡིང་། །
མཁའ་ལྡིང་བརྗིད་པའི་གཟི་བརྗིད་རྒྱང་ནས་མཐོང་། །
སྣང་མཐོ་ཚིག་གི་མདའ་མོ་ཀུན་ལ་འཕངས། །
ཀུན་དག་སུན་པའི་སྐྱོ་གླུ་རླུང་ལ་སྐུར། །

སུན་སུན་འཁོར་ཡུག་གླིང་ཀ་མ་ཡིན་ནམ། །
སུན་སུན་དམ་པའི་འཁོར་རྣམས་མ་ཡིན་ལ། །
བཟོད་བཟོད་སྒོམ་པའི་ཚད་ལ་དགག་མེད་ཅིང་། །
མ་བཟོད་མ་བཟོད་ཚིག་གི་སྤུ་གྲི་རེད། །

མཛེས་པའི་དཔྱིད་དཔལ་སླར་ཡང་བཞད་དང་ལྷན། །
ཞི་མཐུན་སྤྲོ་སེམས་སླར་ཡང་འཕེལ་དར་ཤོག །
སྒོམ་སྒོམ་སེམས་ཀྱི་སྟེང་འོག་རབ་འཁོར་ནས། །
སྨྱོ་པའི་སེམས་ཤུགས་མེད་ཅིང་ཚད་ལ་སླེབས། །

རང་དབང་ལུགས་མཐུན་གནས་པའི་གྲྭ་ཕྱག་ནང་། །
ལྷིངས་འཇགས་ཞི་དལ་དཔེ་ཀློག་ཕྱོགས་ན་ཡང་། །
རླུང་ནག་བཤེད་མའི་དུག་གི་ཁ་རླངས་དེས། །
ལྷིངས་འཇགས་འཕྲོག་ནས་སེམས་རྩ་ཡང་ཡང་དཀྲུག །

སྙིང་མེད་བུ་ཡི་སྡར་སྐད་སྒྲོག་ཐེངས་དེས། །
གཤེན་རྒྱས་ཕོ་ཉའི་ཚུལ་གྱི་དྲག་སྐད་གྲགས། །
ཡུལ་འདིར་མཐུན་པའི་སྤྱོད་པ་མ་ཡོད་ཅིང་། །
ལུགས་མཐུན་ལུགས་ཀྱི་བྱ་གཞག་བཞག་དགོས་ཅེས། །

མཆོད་པའི་སེམས་པ་ཇི་ཙམ་མེད་ན་ཡང་། །
འདོར་བའི་དམན་སེམས་ལྷག་པའི་བློ་ཕྱོགས་ཅིས། །
དབྱིག་པའི་སློབ་གསོ་ཧ་ཅང་རབ་དྲག་པས། །
མ་བཟོད་བརྗོད་བའི་སྙིང་གི་ཐིག་ལེ་ཙམ། །

མཐུན་པའི་བློ་མཐུན་མཐུན་པའི་སྐྱིད་སྡུག་འཆད། །
འགལ་པའི་འགལ་ཚིག་ཚིག་གི་མདའ་མོ་འཕེན། །
ཕར་གུས་ཚུར་བྱམས་ལུགས་སྲོལ་མི་ཤེས་ན། །
རེ་ཞིག་རང་རང་ས་ལ་གྲོལ་བར་བྱ། །

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*