སྐྱོ་གར་སེམས་ཀྱི་རང་སྒྲ།

རང་མདངས།

སེམས་སོང་བྱམས་པ་སྒོམ་པའི་ལོ་ཟླ་དེ། །
མི་རྟག་ལྡོག་མེད་ལས་ཀྱི་མཁའ་དབྱིངས་སུ། །
རྗེས་དྲན་སེམས་ཀྱི་འཇའ་ཚོན་གློ་བུར་ངང་། །
མི་བརྟན་དབྱིངས་ནས་ཡོལ་བ་སེམས་གཏིང་སྐྱོ། །

སྐད་ཅིག་ཡུད་ཅིག་སོང་བའི་རྨི་ལམ་དུ། །
ཞེ་འཇམ་སྙིང་གི་ལྷ་མོ་ཐེངས་ཁྲིར་རྨིས། །
འཇིགས་པའི་སད་སྒྲ་སིལ་མ་ལན་གཅིག་གིས། །
ཡིད་མཛེས་ལས་ཀྱི་ལྷག་མ་ཡོངས་སུ་ཟད། །

ཕྱི་ཡུལ་རབ་རིབ་སྨུག་པས་ནམ་མཁའ་བཟུང་། །
སྐྱོ་བའི་སྙིང་ག་དཀྲུག་པའི་གློག་ཞགས་འཁྲུགས། །
མཚན་ཐུན་རིང་ལ་དྲགས་པའི་ནམ་ཟླ་འདིེར། །
ཞེ་སོང་བྱམས་པ་ཁྱོད་དང་འཐབ་མོ་ལོང་། །

མི་འདོད་སེམས་ཀྱི་གཏམ་ཉོག་ཚིག་ལ་ཤོར། །
སྐུད་མེད་ཁ་པར་འདི་ཡི་དྲྭ་ངོས་སུ། །
ཕན་ཚུན་ཡིག་ལམ་བསྐྱལ་བའི་ཚིག་འབྲུ་རེས། །
ན་ཟུག་སེམས་ཀྱི་སྐྱོ་མ་ཁྲི་སྟོང་སློང་། །

འདས་ཟིན་དུང་བས་བསྐྱངས་བའི་ལོ་ཟླའི་ཁྲོད། །
འདྲ་མིན་སྤྲུལ་པའི་མཚན་བརྒྱད་སྣང་བའི་ངོས། །
དགའ་ཡ་སྡུག་གི་ཡ་ཆུང་དྲན་པའི་མོད། །
ཅོལ་ཆུང་ཡིད་ཀྱི་སྐྱོ་མ་སུ་ལ་ལེན། །

ཉིན་དང་མཚན་ཞག་སྣོན་པའི་ལོ་ཟླའི་ནང་། །
ཕན་ཚུན་དགྱེས་ཞལ་ལྷང་ལྷང་བྱམས་པ་འདི། །
ཆ་མེད་མི་སྡོད་ཡོལ་བའི་སྐད་ཅིག་ངང་། །
མཚན་སྲོད་ནམ་ཚོད་འདི་ནས་ཡལ་ཚུལ་སྐྱོ། །

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*