ཆར་བའི་རྗེས་ཤུལ།

འོ་ཟི། (ཡིད་ལྷུང་།)

སྒེའུ་འགྲམ་གྱི་ཆར་བ་བབས་པའི་རྗེས་ཤུལ་དེ་ནི་སྐྱ་བོ་ཞིག
སྐབས་འདིར་ངས་མངོན་ལྐོག་མེད་པའི་ཚོར་བ་ཞིག་བརྗོད་ན་སྙམ་བྱུང

ང་ནི་ལྐོག་གྱུར་ཅིག་ཡོད་པ་བདེན་དུ་ཆུགས་ཀྱང
ཁྱོད་ཟེར་བ་ཞིག་ལ་སྟོན་དགོས་པ་དྲན་ན

ཁྱོད་ཀྱིས་གད་མོའི་ཁྲོད་ནས་ང་ལ་འཕྱ་སྨོད་གཏོང་ཡོང་བ
ངའི་མཐོང་ལམ་ནས་གཡོ་བ་བྱེད་བཞིན་པའི་རླུང་བུ་ཞིག་ཏུ་སྣང

ཡིན་ན་ཡང
ང་ནི་མངོན་ལྐོག་མཉམ་གནས་ཀྱི་གྲིབ་གཟུགས་ཤིག་ཡིན་པས
སྣང་བའི་མུན་པ་དེ་ལ་དགའ་སྐྱོ་ཆགས་སྡང་ཞིག་བརྗོད་ན་འདོད

ཆར་བ་བབས་པའི་རྗེས་ཤུལ་ན
ཕྱི་རོལ་གྱི་འཇིག་རྟེན་ནི་ཆར་ཆུས་བཀྲུས་པའི་མེ་ཏོག་གི་ཚོམ་བུ་དེའོ
ཧ་ཅང་ཡིད་འོང་གི་ཉམས་ཤིག་དོད་ཡོད་ནའང
ལྟས་ཚོད་ཀྱིས་ངའི་སེམས་པ་དང་འདྲ་བ་དེའང་སྐྱ་བོར་སེམས

སྐྱ་ཐིང་ཐིང་གི་ནམ་ཟླ་དེ་ལ་བརྗེད་མི་ཐུབ་པའི་དྲན་ཤིང་བཞག
དྲན་ཤིང་གི་ཟེགས་མ་རེ་རེ་ཡིག་འབྲི་ལ་གདབ་སྟེ་སྙན་ངག་ལ་འབུལ

ངས་བརྗོད་འདོད་པའི་སྙན་ངག་དེ་ནི
དེ་རིང་གི་ནམ་ཟླ་བཞིན་འཁྱག་པོར་གྱུར་ཡང

ནམ་ཞིག་ཁྱོད་ཀྱི་སྙན་ལམ་དུ་མེ་རི་བཞིན་སྦར་ཆོག་པར
ངས་གྲངས་མེད་པའི་སྨོན་ལམ་གཙང་མ་ཞིག་དབྱངས་ཅན་ལ་ཡང་ཡང་ཕུལ

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*