དྲན་གདུང་སྒྱུ་མའི་ཁམས།

གངས་ཅན་ཆོས་དབྱིངས། ཆབ་མདོ།

གློ་བུར་ཞིག་ཏུ་ཟླ་བ་མཐོང་བས་ན།
མུན་ནག་ཡལ་སོང་།
དྲན་པ་ལྷོད་མེད་ཟླ་བའི་འོད་དང་འདྲེས།
མངོན་པ་མེད་པའི་དྲན་གདུང་དེ།
ཅི་འདྲའི་ནུས་ཤུགས་ཆེ་བ་ལ།

མཚན་མོ་ཅི་ཙམ་རིང་ཡང་།
སྐྱོ་བ་དེ་ཙམ་རིང་།
ཡིན་ཡང་འགྱུར་བ་མེད་པའི་དགའ་དུངས་ནམ་ཡང་ལྷོད་པ་མེད།
ཐང་ཆད་ཀྱང་དྲན་པ་ལ་ཟད་མཐའ་མེད།

རི་རབ་ཀྱིས་བཅད་པའི་ས་ཆ་ནས།
རྨི་ལམ་གྱི་གདངས་དབྱངས་འཐེན།
ཉི་མ་རེ་རེ་བཞིན་བསམ་པ་སྐྱེས།
ལུས་དང་འཕྲད་པ་མེད།

མཚན་མོ་རིང་ཡང་།
ཉིན་མོ་ཡང་རིང་།
དཀའ་ངལ་གྱི་ཕྲང་ལམ་རེ་རེས།
སྐྱེ་བ་འདི་རྫོགས་ཀྱ་སེམས་མི་བདེ།
ང་ནི་མཐའ་མེད་འཇིག་རྟེན་འདི་ནས།
ཟད་པ་མེད་པའི་ཞེན་ཆགས་ཤིག་སྙིང་ལ་ཟུག

གྱེས་བྲལ་གྱི་གྲང་ངར།

རྟ་ཕོས་ཚེར་སྐད་གྲག་དུས།
ངས་སྒོ་འགྲམ་ནས་ཐེངས་ཤིག་ལྟ་དུས།
ཁྱོད་ཀྱི་རྒྱབ་གཟུགས་མཐོང་ཐུབ་མེད་པའི་མུན་པས་བཅད།
ངས་ཕྱི་དྲན་བྱས་ཀྱང་བསལ་ཐུབ་མེད།

སྐད་ཆ་ཙམ་ཡང་མི་ཐོས་པའི་མཚན་མོ་དེ།
ཁྱོད་ནི་རྣམ་ཤེས་མེད་པའི་གྲང་ཞིང་ངལ་བའི་ཟིལ་བ་ཞིག
སྐར་ཚོགས་དག་ཡུམ་ཡུམ་དུ་འགུལ་བྱུང་།
རེ་ཐག་གི་སེམས་པ་ཚོད་མི་ཟིན་པའི་འདར་ཆ་ལང་།

སྐར་ཚོགས་ལ་སེམས་མེད་ཀྱང་།
རྣམ་རྟོག་གི་དྲི་མ་ཕོག
ལོ་ཟླ་མཚམས་སུ་མ་བཅད་ཀྱང་།
བརྩེ་བའི་ས་བོན་བོར་སོང་།

ཕྱི་དྲན་མི་ཐུབ་པའི་ལོ་ཟླའི་ནང་དུ།
ཁྱོད་ནི་དགུན་གཞུང་གི་ཆུ་ཁའི་བར་མོ་ཞིག་གོ།།

མི་གསལ་བའི་གླུ།

མཉམ་དགའ་བའི་དབེན་ནས་དེར།
མེ་ཏོག་བཞད། ཆར་བ་འབབ།
སྡང་སེམས་ཀྱི་རྩ་འདབ་ཆད།
རྣམ་རྟོག་གི་ཞེ་སྣང་མ་མྱུར།

ཡང་རི་འདབ་ནས་ཉི་མ་ཡལ་བའི་དགོང་མོ་དེར།
མཚམས་སྤྲིན་གྱི་ཀློང་ནས་ཕྱི་དྲན་ཞིག
ངུས་ན་མི་ཕན་འགོག་མེད་ཀྱི་དྲན་གདུང་ཞིག
ཅི་ཡང་མེད་པའི་ཉི་ནུབ་དེ་རུ།
ངའི་སེམས་ཀྱི་གྲོགས་པོ་ནི།
མཐའ་མེད་པའི་རྩྭ་ཐང་ནས་འཚེར་བའི་དབྱངས་ཀྱི་ཟླ་འོད་དེའོ།།

ཟླ་འོད་ཀྱིས་སྐད་ཆ་བཤད་པ་སུས་ཀྱས་ཤེས།
ཡིན་ཡང་རླུང་སེམས་ཀྱི་རྩ་ཁ་ནས།
ཞེ་འདྲེས་ཀྱི་གཏུམ་དྲོད་འབར།

མུན་ཁང་གི་མཚན་མོ་དེར།
མི་སྣང་བའི་སྙན་ངག་སྐྱེས་བྱུང་།
ལུས་སེམས་ཀྱི་ཁྲག་རྩ་འཁོར་བྱུང་།

ང་ནི་དྲན་སྣང་གི་ཀློང་ན་ལུས་པའི་རི་སུལ་གྱི་སྡར་མ་ཞིག
ཆར་འབྲི་རེ་ལ་ཐ་སྙད་རེ་བཏགས་ཏེ།
སྙན་ངག་གི་ངག་སྒོ་ཕྱེས་ཏེ་གསང་ལམ་ནས་ཉུལ་ན་འདོད།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*