རྒྱང་རིང་གི་མཐོང་ངོས་ཤིག ཞར་བཀོད་གཉིས། 

ཁམས་པ་རབ་དབྱངས། ཡུལ་ཤུལ།

རྒྱང་རིང་གི་མཐོང་ངོས་ཤིག་ནས
ཁྱོད་རང་སེམས་ཀྱི་གཤོག་སྣེ་ལ་ཐོག་ཡོད
བར་ཐག་གི་གནས་ལམ་བཙལ་ཀྱང
ཁྱོད་རང་ཉེ་བར་བཅར་ཐུབ་མི་འདུག

སྐྱེ་བ་འདིར་འཕྲད་པའི་ཁྱོད་ཀྱི་ལང་ཚོ
ཉི་འོད་དང་ཁ་ཐག་རིང་དུ་གྱེས་ཏེ
སྐྱོ་ཡུས་མི་ཐིག་སེམས་ཀྱི་བརྩེ་བ་དག
ལོ་ཟླ་གང་མང་ཞིག་གིས་ཕྱི་མིག་ཡིན་འགྲོ

གནམ་ངོ་མོག་པའི་དབྱར་གཞུང་ཞིག་ནས
ཁྱོད་རང་གཙང་བོའི་ཉེ་འགྲམ་དུ
སེམས་ཁྲལ་གྱི་ཐག་པ་རྒྱང་ལ་གཏད་ཀྱང
ཉི་ནུབ་གྱེས་པ་དང་མཉམ་དུ
ཁྱོད་རང་ང་ཡིས་མིག་ལམ་དུ་བོར་སོང

སྐྱེལ་དགོས་བྱུང་།

མིག་ཀོང་ནང་ལ་འཁྱིལ་བའི
ཁྱོད་ཀྱི་བསྡུས་གཟུགས་རིལ་པོ
ཚེ་རབས་དུ་མའི་ཕྲེང་བ་ཞིག་ནས
ང་ཡིས་ཁྱོད་ལ་གཏོང་དགོས་བྱུང

འཚོ་བའི་བར་ཐག་ལ་ཉེ་བའི
ཁྱོད་ཀྱི་ཕྱི་ནང་གི་ཁ་དོག་འདི་དག
རྒྱང་ཐག་རིང་ས་ཞིག་ནས
ང་ཡིས་སེམས་ཀྱིས་སྐྱེལ་དགོས་བྱུང

ལས་དབང་སྟབས་ཀ་འགྲིག་པའི
ཁྱོད་ཀྱི་བརྩེ་བའི་སྐད་ཆ་དུམ་བུ་འདི་ནི
ཚེ་གཅིག་གི་འབྲེལ་ལམ་ཞིག་ནས
ང་ཡིས་གོམ་པ་ཁྱོད་སར་སྤོ་དགོས་བྱུང

ལས་འཕྲོ།

གལ་ཏེ་ཁྱོད་དང་ལས་འཕྲོ་ཞིག་ཡོད་ཚེ
ཁྱེད་ལ་སེམས་འདུན་གྱིས་ཉེ་བར་བཅར་ཆོག
སྐྱེ་བ་ཚེ་རབས་ནས
བརྩེ་བ་དང་ཁྲེལ་གཞུང་བྱིན་ཞིང
གནམ་སའི་འཇིག་རྟེན་ཁྱོད་རང་ཡིན་ཆོག
སེམས་ཀྱི་རྡོ་བ་ཁྱེད་ཉིད་ཡིན་ཆོག

གལ་ཏེ་ཁྱོད་དང་ལས་བསྐོས་ཡོད་ཚེ
མི་ཚེའི་སྟོང་བསམ་གྱི་སྣང་བ་ཁྱེད་ལ་བཅོལ་ཆོག
འཚོ་བའི་འདུ་བྲལ་གྱི་སྐྱོ་གར་ཁྱེད་ལ་བརྩམས་ཆོག
ངས་ནི་སྙིང་དུ་སྡུག་པའི་མི་ལ་མཛའ་བས་བཀུར
ངས་ནི་ཁྱེད་ཅག་གི་འཚོ་བའི་སྙིང་པོ་ག་རེ་ཡིན་ན་བསམ

གལ་ཏེ་ཁྱོད་དང་བར་ཐག་གི་བསྡུས་གཟུགས་ཤིག་ཡོད་ཚེ
འཇིག་རྟེན་ཧྲིལ་པོ་འདི་ཁྱོད་ཀྱི་ཚབ་ཏུ་བློས་བཏང་བྱེད་ཆོག

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*