ཉམས་དམན་པའི་ལུས་རྟེན།

འཇོ་མདའ་པདྨ།

སེམས་ཀྱི་ཕྱི་ནང་སྨུག་པས་བཏུམས་ཤིང་།
དུས་ཚོད་ཀྱི་རླུང་བུས་རང་གི་ཚེ་སྲོག་སྐྱོམ།
འཇགས་མི་ཐུབ་པའི་མི་ཚོགས་ཀྱི་བབ་ཅོལ།
བཙན་ཤེད་དང་བཅས་རང་གི་རྣ་བར་ལྷུང་།

འུར་ཟིང་དང་འདུ་ལོང་རྒོད་པའི་ཡུལ་ལུང་འདི་ནས།
སྤྲིན་དཀར་དང་ཉི་འོད་མེད་པའི་ས་ཆ་འདི་ནས།
རང་གི་མིག་ཆུ་འབྱིད་མཁན་ནི་རང་ཉིད་ལས་གཞན་མེད།

འཁོར་བའི་རི་ལུང་དུ་རང་གི་གྲིབ་མ་ཕོག་ཤུལ་དུ།
མིག་གི་མཐའ་རུ་ཉོན་མོངས་པའི་སྣང་བརྙན་སྣ་ཚོགས་འཁོར།
སྣང་བརྙན་དེ་དག་མ་གཞི་ནས་རང་དང་འབྲལ་མེད་དུ་གནས།
མཐོང་མི་འདོད་ཀྱང་རང་གི་མིག་མཐའ་རུ་བཙན་གྱིས་འཁྱིལ།

ལས་དབང་དང་ཆོས་ཉིད་ཀྱི་ཐུ་འོག་ནས།
གནོན་ཤུགས་དང་དཀའ་ངལ་གྱི་བར་གསེང་ནས།
ཟུངས་ཟད་པའི་ཡན་ལག་གིས་ཅི་ཡང་མི་ཟིན་པར་འདུག
རྨས་ཕོག་པའི་སེམས་པ་ཡིས་ཅི་ཡང་མི་ཚོར་བར་འདུག

ཉམས་དམན་པའི་ལུས་རྟེན་ཞིག་གི་བརྒྱུད་རིམ་ཁྲོད་དུ།
མཛེས་སྡུག་ནི་འཛིན་མི་ཐུབ་པའི་རྒྱང་རིང་གི་འཇའ་གུར་ཞིག
བདེ་སྐྱིད་ནི་རྙེད་མི་ཐུབ་པའི་རྨི་ལམ་ནང་གི་བསྡུས་གཟུགས་ཤིག

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*