དྲུག་གཅིག་བྱིས་པའི་དུས་ཆེན་བསུ།

མེ་ཆར། ཡུལ་ཤུལ།

ཀ་ཁའི་དབྱངས་རྟ་དེ་ངག་ལ་གྱེར་ཞིང་། །
ཤེས་རིག་མེ་ཏོག་གི་ཟེའུ་འབྲུ་འཐུ་བའི། །
འཛུམ་མདངས་དགོད་སྒྲ་ཡིས་ཕྱུག་པའི་ན་གཞོན། །
དྲུག་གཅིག་བྱིས་དུས་ཀྱི་སྣང་བ་སྤྲོ་མོ། །

ཉི་གཞོན་གསར་བ་ཡི་འོད་སྣང་དབུས་ནས། །
དགའ་ཚལ་ཤེས་རིག་གི་འདབ་མ་བཀྲ་བའི། །
སློབ་གླིང་སྐྱེད་ཚལ་གྱི་པདྨའི་དོ་རར། །
དྲུག་གཅིག་བྱིས་དུས་ཀྱི་དུས་སྟོན་སྐྱིད་དོ། །

མ་ཀི་སྤང་ལྗོངས་ལ་གསོན་ཤུགས་རྒྱས་ཤིང་། །
མེ་ཏོག་སྣ་ཚོགས་ཀྱི་ཟེའུ་འབྲུ་འབུས་པའི། །
དབྱར་ཟླ་དྲུག་པ་ཡི་མཛེས་སྡུག་ཀློང་ནས། །
དྲུག་གཅིག་དུས་སྟོན་དེ་བསུ་བར་བྲེལ་སོང་། །

རྣམ་དཔྱོད་རིགས་པ་ཡི་རྩལ་ལག་གྲོལ་བའི། །
བརྩེ་འཛུམ་མེ་ཏོག་གི་གར་སྟེགས་དབུས་ནས། །
བཀྲ་ཤིས་ལྷ་དར་གྱི་རྟེན་འབྲེལ་བཏེགས་ཏེ། །
སྤྲོ་སྐྱིད་གླུ་གར་གྱིས་དུས་སྟོན་རོལ་ཡོང་། །

ལང་ཚོའི་མེ་ཏོག་གི་འཛུམ་མདངས་རྒྱས་པའི། །
མ་འོངས་བརྒྱུད་འཛིན་གྱི་ན་གཞོན་ཁྱུ་གཅིག །
སྤྲོ་དགའི་རྩེད་འཇོ་ཡི་བྱ་བར་བྲེལ་བ། །
སྤྲོ་སྐྱིད་བྱིས་དུས་ཀྱི་དྲུག་གཅིག་དུས་ཆེན།།

རྨོངས་པའི་སྨག་རུམ་ལ་འོད་གུར་ཕུབ་ཅིང་། །
རེ་བའི་ས་བོན་ལ་མྱུ་གུ་འབུས་དུས། །
རེ་མདུན་གསར་བ་ཡི་འོད་སྣང་ཁྲོད་ནས། །
དྲུག་གཅིག་དུས་ཆེན་གྱི་དགའ་སྟོན་རོལ་ཅིག།

གངས་ཀྱི་རི་བོ་ལ་དར་ཆ་སྒྲེངས་ཤོག །
ཕ་སྐད་གདངས་དབྱངས་ཀྱི་མགུར་མ་འཐེན་ཤོག །
མེས་པོའི་ཤུལ་བཞག་གི་སྲོལ་བཟང་སྐྱོངས་ཤོག །
མི་རབས་གསར་པ་འདིའི་རྐང་འཛིན་ཁྱོད་ཡིན། །

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*