དཔལ་ལྡན་མཁར་དམར་དགོན་པ་ནི།

བོད་མདོ་ཁམས་སྨར་ཁམས་གཙང་རོང་ཡུལ་དུ་འགྲོ་མགོན་ཆོས་རྒྱལ་འཕགས་པས་མཁར་དམར་པོ་ཞིག་ཡོད་པ་དེར་གནས་ཁྱད་པར་ཅན་ཞིག་ལ་གཟིགས་ཏེ་ཕྱི་ལོ་༡༢༧༥ ལོར་ཕྱག་བཏབ། ཕྱག་རྟེན་དུ་ཙན་དན་གྱི་གུར་མགོན་སྐུ་དང་། བཀའ་བསྟན་དངུལ་བྲིས་མ་པོད་མང་དག་དང་། མཆོད་རྟེན་མཐོང་བ་རང་གྲོལ་བཅས་ངོ་མཚར་བའི་རྟེན་གསུམ་བསྐྲུན་པར་མཛད་པ་མ་ཟད་དགོན་གཡས་ངོས་མཆོད་རྟེན་སྒང་དུ་ཕྱག་ནས་གཏོར་ཏེ་མཆོད་རྟེན་གཞན་ཁག་ཀྱང་ཕྱག་བཏབ། དེ་ནས་བླ་རབས་བྱུང་ཚུལ་གསལ་ཁ་མ་ཤེས་ཀྱང་དགོན་འདི་བསྟན་པ་རྒྱས་དུས་སྤང་མགོན་དགོན་དང་། མོ་ཡག་སྒྲུབ་ཁང་སོགས་ཡན་ལག་འགའ་ཞིག་བྱུང་ཡང་། ད་ལྟ་མིང་དང་གྱང་ཤུལ་ཙམ་དུ་གྱུར། ཤུལ་རྙིང་དེ་དག་དང་ངག་རྒྱུན་དག་ལ་དཔག་ན་འདུས་ཚོགས་ཕོན་ཆེན་དང་། མཁས་གྲུབ་ཀྱི་སྐྱེས་ཆེན་དུ་མ་བྱོན་པ་གྲགས་ཀྱང་ཡིག་ཆ་མ་རྙེད་པས་གསལ་བར་བརྗོད་མ་ནུས། ༡༦༩༨ སྔ་རོལ་ནས་གདན་ས་ངོར་ནས་ལོ་ལྟར་བླ་བསྐོས་ཕེབས་སྲོལ་ཡོད་པ་གསལ་བ་བཞིན་ཆོས་རྗེ་འཇམ་ཆོས་བར་སྐབས་ཐོབ་ཀྱི་བླ་བསྐོས་རྣམ་པས་གཟིགས་རྟོག་གཙོ་བོར་མཛད། ཆོས་རྗེ་འཇམ་དབྱངས་ཆོས་འཕེལ་ཕྱི་ལོ་༡༩༡༦ ལོར་བྲག་གཡབ་ཏུ་བླ་བསྐོས་ཕེབས་ཏེ་རང་དགོན་དང་རྩལ་བཟང་གླང་པོ་དགོན། བྷེ་སྣ་དགོན། སྒྲོ་དགོན་བཅས་ལ་ཐུགས་ཁུར་གཅིག་ལྕོགས་ཐོག་དགོན་ཁག་བཞིའི་བསྟན་བདག་མཛད་དེ་ལོ་མང་རིང་ཆོས་འཁོར་རྒྱ་ཆེར་བསྐོར། སྒོས་རང་དགོན་དུ་མཐོང་བ་བརྒྱུད་པའི་ཕྱག་ལེན་རྣམས་ཉམས་གསོ་དང་ཕུར་པ་སོགས་གསར་དུ་བཙུགས། ངོར་ནས་བླ་བསྐོས་མི་དགོས་པར་གྱུར། དགོན་པའི་རྟེན་དང་བརྟེན་པ་བཅས་གསར་བཞེངས་དང་བཤད་སྒྲུབ་ཀྱིས་བསྟན་པ་རྒྱས་པར་མཛད། ཆོས་རྗེ་ཉིད་ཀྱི་ཡང་སྤྲུལ་ཡང་ད་ལྟའི་བར་རིན་པར་བྱོན། དེ་ནས་བྱ་བྲལ་བ་བཀྲ་ཤིས་དོན་གྲུབ་ཀྱི་ཡང་སྤྲུལ་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་མཆོག་གཙོས་རྡོར་སློབ་འོས་པ་རྣམས་ཀྱིས་གདན་རབས་འཛིན་པ་བྱུང་། གྲྭ་གྲངས་དྲུག་ཅུ་ཙམ་ཡོད་པ་ཡིག་ཚགས་ལས་གསལ། དུས་མཆོད་ཀུན་རིག་དང་ཀྱེ་རྡོར་སྒྲུབ་མཆོད། སྨྱུང་གནས། འདས་མཆོད་ཁག་དང་། མ་ཎི་དང་བཛྲ་བུམ་བསྒྲུབ། འཇིགས་བྱེད་དྲུག་བཅུའི་གཏོར་ཟློག་སོགས་འཚོག་སྲོལ་ཡོད། ནང་རྟེན་ནི། གོང་ཞུས་དེ་དག་དང་། རྡོ་རྗེ་འཆང་མེ་ཐུབ་མ་དང་། ངོར་ཐར་རྩེའི་ཐུབ་དབང་ལིའི་སྐུ་མཐོ་ཚད་མ་དང་། ཐུབ་སྐུ་ཁྲིམས་ཕོག་སྙན་ཆད་དང་། དཔལ་མགོན་བྲམ་ཟེ་གསུང་བྱོན་མ་སོགས་མང་དུ་བཞུགས་ཀྱང་དུས་འགྱུར་སྐབས་དགོན་པའི་རྟེན་དང་བརྟེན་པ་བཅས་ཉམས་ཆག་སོང་ཡང་༡༩༨༢ བླ་མ་བཀྲ་ཤིས་སྤེན་པ། སྒྱུ་རྩལ་བ་རྒན་བསོད་ནམས་དོན་གྲུབ། གྲྭ་པ་རྣམས་དང་ཡུལ་མིའི་རོགས་རམ་ལ་བརྟེན་ནས་ཉམས་གསོ་གང་འཚམ་བྱས་གྲུབ། སྔར་མཆོད་རྟེན་སྒང་མཆོད་རྟེན་རྣམས་གསར་པ་གཅིག་ལས་གཞན་རྣམས་ཉམས་གསོ་ཐུབ་མེད། གྲྭ་རྒྱུན་དཔལ་ས་སྐྱ་ངོར་ཨེ་ཝཾ་ཉག་རེ་ཁང་ཚན་ལ་འགྲོ་སྲོལ་ཡོད་དོ། །

About སྟག་ལྗོངས་འཆི་མེད། 98 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

Be the first to comment

Leave a Reply

Your email address will not be published.


*