སྨར་ཁམས་མཁར་དམར་ཆོས་རྗེ་འཇམ་དབྱངས་ཆོས་འཕེལ།

སྨར་ཁམས་མཁར་དམར་ཆོས་རྗེ་འཇམ་དབྱངས་ཆོས་འཕེལ་ནི། སྨར་ཁམས་གཙང་རོང་བར་ཡུལ་ཞེས་པར་དུང་དཀར་ཚང་གི་ཁྱིམ་དུ་ཡབ་བསོད་ནམས་ཕུན་ཚོགས་དང་ཡུམ་སྒྲོལ་མ་གཉིས་ཀྱི་སྲས་སུ་ཕྱི་ལོ་༡༨༨༡ ལོར་སྐུ་འཁྲུངས། སྐུ་གཞོན་པའི་དུས་ནས་དབུས་གཙང་ཕྱོགས་སུ་ཕེབས་ཏེ། དཔལ་ས་སྐྱ་ངོར་པའི་ཁྲི་རབས་གསར་རྙིང་རྣམས་ཀྱི་གཙོས་མཁན་ཞབས་སོགས་ལས་སྡོམ་པ་གསུམ་གྱི་བཀའ་དྲིན་མནོས་ཤིང་། མཐོང་བ་བརྒྱུད་པའི་ཕྱག་ལེན་རྣམས་སྦྱངས་པ་རྩེར་སོན་ཅིང་། བགྲང་བྱ་དུ་མའི་རིང་མདོ་སྔགས་རིག་གནས་ལ་སློབ་གཉེར་དང་། ཀྱེ་རྡོར་གཞི་བསྙེན་སོགས་མཚམས་དང་གསུང་ངག་རིན་པོ་ཆེ་སོགས་མདོ་རྒྱུད་ཀྱི་ཆོས་སྐོར་མང་པོར་གསན་བསམ་མཛད་དེ་མཁས་པར་གྱུར། དཔལ་ཨེ་ཝཾ་ཆོས་ལྡན་དུ་མཁན་པོའི་ཁྲིར་ཕེབས། ཕྱི་ལོ་༡༩༡༢ནས་རང་ཡུལ་དུ་ཕེབས་ཏེ་བཞུགས་ཀྱང་ངོར་ནས་ཕྱི་ལོ་༡༩༡༦ལོར་བྲག་གཡབ་ཏུ་བླ་བསྐོས་ངེས་ཕེབས་དགོས་པའི་བཀའ་ལུང་བཞིན་ཕེབས་ཏེ། ཁུལ་དེའི་དགོན་སྡེ་གླང་བྷེ་སྒྲོལ་གསུམ་པོ་སྔར་ངོར་པ་ཡིན་ཀྱང་གཞན་གྱིས་གཙེ་བས་རང་ལུགས་འཛིན་པ་ལ་འགོག་རྐྱེན་བྱས་ཀྱང་། གང་གི་སྐུ་དྲིན་གྱིས་དགོན་ཁག་གསུམ་པོར་སློབ་གཉེར་གྱི་གཞིི་བཙུགས་ཏེ་ཕྱག་ལེན་སོགས་གསར་འཛུག་དང་ལེགས་བཅོས་གནང་སྟེ་རང་རྐྱ་ཐུབ་པ་མཛད། དབྱར་གནས་དང་། སྒྲུབ་མཆོད་རྣམས་དགོན་ཁག་གསུམ་པོ་ལ་རེས་མོས་བྱས་ཏེ་ལྷན་དུ་འཚོགས་ཐུབ་པའི་སྲོལ་བཟང་བཙུགས། ཁམས་བྱེའི་བཤད་གྲྭར་ཞལ་འདེབས་དང་། བྲག་གཡབ་བློ་གྲོས་ཁམས་བྱེར་ཕེབས་པའི་བདག་རྐྱེན་མཛད། དགོན་སྡེ་དེ་དག་དང་རང་དགོན་བཅས་ལ་ཐུགས་འགན་གཅིག་ལྕོགས་ཐོག་བསྟན་འགྲོའི་དོན་ལོ་མང་བསྐྱངས་ཏེ་བཤད་སྒྲུབ་ཀྱི་བསྟན་པ་རྒྱ་ཆེར་སྤེལ་བས། ཐར་རྩེ་མཁན་རིན་པོ་ཆེ་མཆོག་གིིས་རྣམ་དཀར་གྱི་མཛད་བཟང་ལ་བསྔགས་བརྗོད་ཡང་ཡང་ཕུལ། རང་དགོན་མཁར་དགོན་དུ་སྔར་ངོར་པའི་བླ་བསྐོས་རྟག་པར་ཡོང་དགོས་ཀྱང་ཕྱིས་དེ་ནས་མི་དགོས་པར་གྱུར། གང་ཉིད་ཀྱིས་དགོན་པའི་བསྟན་བདག་མཛད། རང་དགོན་ལ་ཨེ་ཝཾ་པའི་ཕྱག་ལེན་རྣམས་ཉམས་གསོ་དང་གསར་འཛུགས་མཛད། གཙུག་ལག་ཁང་རྒྱ་བསྐྱེད་དེ་རྟེན་དང་བརྟེན་པ་གསར་བཞེངས་ལེགས་པར་གྲུབ་རྗེས། ཐར་རྩེའི་མཁན་རིན་པོ་ཆེ་རབ་གནས་མཛད་སྒོར་གདན་ཞུས་མཛད་ཀྱང་། ཕེབས་མ་ཐུབ་པའི་གསུང་འཕྲིན་བསྩལ། ཕྱི་ཉན་ཐོས་སྤྱོད་པ་དང་ནང་གསང་སྔགས་ཀྱི་རྣལ་འབྱོར་ལ་རྟག་ཏུ་བརྩོན་ཞིང་། གདུལ་བྱ་རྣམས་དབང་ལུང་ཁྲིད་གསུམ་གྱིས་རྒྱུད་སྨིན་པར་མཛད། འབུལ་སྐྱེད་རྣམས་གནས་མིན་དུ་ཆུད་ཟོས་མ་བཏང་པར་གདན་ས་ཆེན་པོ་ས་ངོར་གཙོས་པའི་དགོན་སྡེ་ཁག་ལ་ཞལ་འདེབས་དང་། འདུས་པ་རྒྱ་མཚོར་བསྙེན་བཀུར། སྒོས་ཤྲཱི་བྲང་ཏི་པའི་འཕྲིན་ལས་ལ་སྲི་ཞུ་རྒྱ་ཆེར་མཛད། གཞུང་སའི་གོ་གནས་དང་མི་སྤྱང་དཔོན་གྱི་དབུའི་མཆོད་གནས་བསྐུར། བྲག་གཡབ་དང་རང་ཡུལ་བཅས་ལ་བསྟན་འགྲོའི་དོན་རྒྱ་ཆེར་མཛད། སྲས་ཀྱི་ཐུ་བོ་བྲག་གཡབ་བློ་གྲོས་སོགས་བྱོན། མཐར་ཕྱི་ལོ་༡༩༥༠ལོར་སྐུ་གཤེགས། ཞལ་ཆེམས་བཞིན་གུ་ཎ་པཎ་ཆེན་མཆོག་གིས་གདུང་ཞུགས་འབུལ་མཛད། རྗེ་ཉིད་ཀྱི་སྐུ་ཕྲེང་ཡང་ད་ལྟའི་བར་བྱོན་ནོ། །

About སྟག་ལྗོངས་འཆི་མེད། 98 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

Be the first to comment

Leave a Reply

Your email address will not be published.


*