ཁྲོས་མའི་གནས་དང་བཙུན་དགོན།

མ་གཅིག་ཁྲོས་མ་གནས་ནི། གཏེར་སྟོན་སྟག་ཤམ་རྡོ་རྗེས་མཛད་པའི་སྟག་གཙང་སེང་གེ་བསམ་འགྲུབ་ཀྱི་གནས་ཡིག་ལས། ནང་དུ་གསང་སྔགས་ཕོ་བྲང་བཞི། ཤར་ཕྱོགས་གཡུ་རྩེ་ཤེལ་གྱི་གླིང་། །ལྷོ་ཕྱོགས་གཙང་རོང་སྦས་པའི་རྫོང་། །ནུབ་ཕྱོགས་ལ་འོག་ཁྲོ་འབར་རྫོང་། །བྱང་ཕྱོགས་མཚམས་ཀྱི་ཡི་གེ་དྲུག །ཅེས་གསུངས་པའི་སྨར་ཁམས་གཙང་རོང་སྦས་པའི་རྫོང་ངམ་མ་གཅིག་ཕག་མོ་ཁྲོས་མ་གནས་ནི་ངོ་མཚར་བའི་རང་བྱུང་གི་བཀོད་པ་སྣ་ཚོགས་དང་། བྲག་རི་དང་ནགས་ཚལ་རྩི་ཤིང་རིགས་འདྲ་མིན་གྱིས་སྤུད་པའི་གནས་རི་དེ་ལ་མི་དར་མ་ཞིག་གིས་མགྱོགས་སྐོར་བྱས་ན་ཆུ་ཚོད་གཉིས་ལྷག་ཙམ་ནས་འཁོར་ཐུབ་པ་ཞིག་ཡོད། ཉི་མ་གཅིག་ལ་བསྐོར་ན་སྐོར་བ་ལྔ་རེ་འཁོར་ཐུབ་པར་གྲགས། གནས་དེར་སྒྲོལ་མ་དང་ཕྱག་ན་རྡོ་རྗེ་རང་བྱོན། འུ་ཚག་བྲག་ངོས་ཨོ་རྒྱན་སོགས་ལྷ་སྐུ་རང་བྱོན་དང་། ཚོགས་ཆེན་ཕུག་པ། ཟངས་མདོག་དཔལ་རི། ཐེག་ཆེན་བྲག་ཕུག གུ་རུའི་སྐུ་རྗེས་དང་ཞབས་རྗེས། དུས་བཟང་རྣམས་སུ་བྲག་ཁུང་ནས་རྔ་དུང་སིལ་སྙན་གྱིས་རང་སྒྲ་སྒྲོགས་པ་ཞིག་དང་། སེམས་དཀར་ནག་དབྱེ་བའི་རྡེའུ་ལེན་ས། སྐྱེས་ཆེན་རྣམས་ཀྱི་སྒྲུབ་གནས་འདུས་མགོའི་བྲག་དཀར་སྒྲུབ་ཕུག བླ་མའི་སྒྲུབ་ཁང་དང་། མེ་མང་སྟེང་རྣ་ཤོར་བླ་མའི་སྒྲུབ་ཕུག ཇོ་མོ་སྐལ་བཟང་གི་སྒྲུབ་ཁང་སོགས་དང་། དྲེལ་རྗེས། ཚོང་དཔོན་གཏེར་སྒ། དགའ་འཁྱིལ་རང་བྱོན། དུག་སྦྲུལ་དམ་ལ་བཏགས་ཚུལ་སོགས་ངོ་མཚར་བའི་སྣང་བརྙན་མང་པོ་མཇལ་དུ་ཡོད། གནས་དེ་མ་གཅིག་ལབ་ཀྱི་སྒྲོན་མའི་གནས་ཡིན་པའང་གྲགས། གཞན་ཡང་གནས་ཡིག་ཁག་ལས་གསལ་ངེས་ཀྱང་དེ་ཙམ་ལས་བཀོད་མ་ཤེས།

ཕག་མོ་ཁྲོས་མ་གནས་ཀྱི་ལབ་ཁྲོས་བཙུན་དགོན་ནི།
སྨར་ཁམས་གཙང་རོང་ཁྲོས་མ་གནས་ལབ་ཁྲོས་ལུང་ཆོས་སྒར་སྟེང་དུ་སྔ་དུས་སུ་སྒོམ་སྒྲུབ་གནང་སའི་ཆོས་སྒར་ཞིག་ཡོད་ཀྱང་དེ་ཕྱག་བཏབ་པ་པོ་མ་ངེས།
གནས་དེ་ལ་སྐྱེས་ཆེན་རྣམ་པས་སྒོམ་ཁྲིད་གནང་སྟེ་བཙུན་མ་རྣམས་ཀྱིས་སྒོམ་སྒྲུབ་ལ་བརྩོན་པ་དང་། དུས་མཆོད་ཁག་འཚོག་ནས་བཞུགས་གནས་ཞིག་ཡོད་མོད་དུས་འགྱུར་སྐབས་ཉམས་ཆག་ཏུ་གྱུར། དུས་འགྱུར་རྗེས་མཁར་དམར་དགོན་རྒན་ཟླ་གྲགས་དང་བཙུན་མ་རྣམས་ཀྱིས་གནས་དེའི་ཆོས་སྒར་སྟེང་རི་ཁྲོད་དུ་བཙུན་དགོན་གྱི་འདུ་ཁང་གི་རྟེན་གཙོ་བོ་གུ་རུའི་སྐུ་དང་མཁའ་སྤྱོད་སོགསབཞེངས་པ་དང་སྒོམ་སྒྲུབ་གནང་མཁན་ཚོའི་བཞུག་གནས་ཤག་ཁག་བཅས་ཉམས་གསོ་བྱས། བཙུན་མ་རྣམས་ཀྱིས་དུས་བཟང་རྣམས་སུ་ཚོགས་མཆོད་དང་སྒྲུབ་ལ་བརྩོན་བཞིན་བཞུགས། ཆོས་རྒྱུན་དང་ཕྱག་ལེན་རྣམས་ས་སྐྱ་ངོར་ལུགས་མཁར་དམར་དགོན་དང་གཅིག་མཚུངས་ཡིན།
ཞེས་པ་འདི་ནི་མཁར་དམར་དགོན་པའི་མཁན་པོ་དང་བླ་མ་རྣམ་པའི་ལོ་རྒྱུས་ཤོག་དྲིལ་ཁག་ལས་ཕྱོགས་བསྡུས་བྱས་པའོ།

རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*