ལས་དབང་གི་ཁ་ཡིག   

         མེ་ཆར། ཡུལ་ཤུལ།

དབྱར་གྱི་དཔལ་ཡོན་རྒྱས་པའི་ནེའུ་གསེང་དུ། །
མཛེས་སྡུག་མེ་ཏོག་ཕྲ་ཚོམ་བཞད་པའི་ཁྲོད། །
ཡིད་འོང་ཀུ་མུད་ཁྱོད་ཉིད་འཁྲུངས་པ་ཡི། །
གཡུ་སྦྲང་ང་རང་འཚོ་བའི་རྟེན་གཞི་རྙེད། །

ཚང་ཚིང་ལྗོན་པའི་ཚལ་དུ་འཁུ་བ་ཡི། །
འདབ་ཆགས་བྱིའུ་ཆུང་ཚོགས་ཀྱིས་སྐད་སྙན་སྒྲོག །
སྙན་འགྱུར་ཁུ་བྱུག་སྔོན་མོའི་གྲེ་འགྱུར་དེས། །
དྲན་འཛིན་ཡིད་ཀྱི་བརྟན་པ་ཆེས་ཆེར་འཕྲོག །

མེ་ཏོག་འདབ་ལོ་བཀྲ་བའི་སྐྱེད་ཚལ་དུ། །
སྤང་ཁའི་མེ་ཏོག་ཁྲོད་ཀྱི་སེར་ཆེན་ཞིག །
མཛེས་འཛུམ་འདབ་རྒྱ་དེ་རིང་གྲོལ་བ་ཡིས། །
ཡིད་ཀྱི་མེ་ལོང་ནང་ན་འོད་དུ་འཚེར། །

དབྱར་གསུམ་སྐྱེད་ཚལ་བཀྲ་བའི་དུས་ཚིགས་འདིར། །
ཡིད་ཀྱི་རྒྱ་སེ་མེ་ཏོག་རྐང་གཅིག་དེ། །
བརྩེ་བའི་སྒེའུ་ཁུང་ངོགས་སུ་བཞད་དུས་འདིར། །
གཡུ་སྦྲང་གཞོན་ནུ་ཟློས་གར་ལས་ལ་རྩེན། །

སྔོ་ལྗང་འདབ་ལོ་བཞད་པའི་དབྱར་ཁ་དེར། །
མཛེས་སྡུག་རི་མོ་འཛུམ་པའི་ལང་ཚོ་ཅན། །
སྙིང་གི་མེ་ཏོག་སེར་ཆེན་ཁྱོད་འཁྲུངས་པས། །
དེ་རིང་ལན་ཅིག་དྲན་པ་སྙིང་དུ་ལྕི། །

སྐྱིད་སྡུག་རེས་མོས་གྲུབ་པའི་འཇིག་རྟེན་འདིར། །
དབྱར་ཁའི་མེ་ཏོག་ཁྱོད་ཉིད་བཞད་པ་ཡིས། །
སེམས་ཀྱི་ཟབ་སའི་བར་ན་དྲོད་ཅིག་ཡོད། །
བརྩེ་བ་མངར་མོའི་ཁྲོད་ན་འོད་ཅིག་མཆིས། །

གཙང་ཆབ་གཞུར་རྒྱུན་རིང་མོའི་བར་གསེབ་ན། །
གསེར་མིག་ཉ་མོས་འཁྱུག་རྩལ་དེ་རིང་ངོམས། །
དབྱར་ཟླ་འདྲ་བའི་ཁྱོད་ཀྱང་དེ་རིང་བཞད། །
ང་ཡི་འཇིག་རྟེན་མཛེས་སྡུག་འོད་ཀྱིས་ཁྱབ། །

བརྩེ་བའི་འཁྲེང་སེམས་རེ་ལ་དྲོད་ཁོལ་རེ། །
དབྱངས་ཀྱི་མགུར་མ་རེ་ལ་ཚོར་བ་རེ། །
བཀྲ་ཤིས་སྨོན་ཚིག་རེ་ལ་ཁ་གཡང་རེ། །
སྨོན་འདུན་སྟོང་གིས་ཁྱོད་ཀྱི་སྐྱེས༵་སྐར༵་བསུ༵། །

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*