དྲན་པ་སྐྱ་བོ།

མེ་ཆར། ཡུལ་ཤུལ།

ཚོར་འདུ་སེམས་ཀྱི་རླབས་རིས་དེ། །
བྲིས་ནས་གསལ་ཐབས་མི་འདུག་མོད། །
མ་བྲིས་སེམས་ཀྱི་རོལ་གར་ཞིག །
རང་བྱུང་ཀློང་ནས་ཐོལ་གྱིས་རྡོལ། །

འཁོར་བའི་དབྱངས་འགྲོས་རེ་རེ་ལ། །
དགའ་སྐྱོའི་གཟུགས་རིས་སྣ་ཚོགས་མཆིས། །
ཚོར་བའི་བདེ་སྡུག་གླེང་ཞོར་དུ། །
ལས་ཀྱི་ལམ་ཁ་ལྷོད་ཀྱིས་བརྒལ། །

འཇིག་རྟེན་སྣང་བ་སྒྱུ་མའི་གར། །
མ་ངེས་དགའ་སྐྱོ་རེས་སུ་འཁྱིལ། །
མི་སེམས་འཇའ་ཡི་ཁ་དོག་ལ། །
སྣ་ཚོགས་ཟློས་གར་ཅི་ཡང་བསྐྲུན། །

དྲན་པ་སྨྲེང་དུས་ཚིག་ཚོགས་ལ། །
འཁོར་བའི་རི་མོ་སྣ་ཚོགས་ཕབས། །
ངག་ལ་བརྒྱུས་པའི་སྙན་ཚིག་དག །
མི་སེམས་གསོ་བའི་བདུད་རྩི་ཡིན། །

སྐྱོ་སྡུག་རེ་རེའི་བང་རིམ་ན། །
ཀུན་རྟོག་གྱ་གྱུ་གཟུགས་སུ་སྟར། །
གཏམ་རྒྱུད་སྐྱུར་མོའི་བར་གསེང་ན། །
སེམས་ཚོར་གསོན་པོ་དབྱངས་འགྲོས་ཡོད། །

སྐྱིད་ལ་སྡུག་པའི་འཁོར་བ་ནས། །
དགའ་སྐྱོ་འདྲེས་མའི་ཚོར་བ་ལྕི། །
དྲན་པ་སྐྱ་བོའི་སེམས་ཁམས་འདི། །
མགུར་མའི་དབྱངས་སུ་དྲངས་བར་སྤྲོ། །

འཇིག་རྟེན་སྒྱུ་མའི་གར་སྟེགས་སྟེང་། །
ཚོར་བའི་དགའ་སྡུག་ལས་ཀྱིས་འབྲི། །
བྱང་ཐང་སྐྱ་མོའི་སྨྲེང་གཞས་འདི། །
ཚིག་འབྲུ་གསོན་པོས་བཞེངས་ན་འདོད། །

བཅོས་མིན་ཚིག་གི་རྣམ་འགྱུར་རེས། །
དགའ་སྐྱོའི་སེམས་འགྱུ་སྣ་ཚོགས་སྟེར། །
ཚོར་བ་སྐྱེན་མོའི་བར་གསེང་ནས། །
སྨྲེང་གཞས་ཐར་ཐོར་ངག་ནས་ཤོར། །

Be the first to comment

Leave a Reply

Your email address will not be published.


*