ལྷ་མོའི་རང་མདངས།

དགེ་གྲྭ་རྒྱལ། རྫ་ཆུ་ཁ།

དད་དབྱངས་ཚིག་གི་གད་རྒྱངས་རླུང་གིས་ཁུར། །
སྨོན་པའི་རེ་འདུན་དཀར་པོ་སྤྲིན་ལ་སྐུར། །
མ་དབྱངས་སྲིད་གསུམ་མཛེས་པའི་སྒེག་ལྡན་མ། །
ཕོ་ཉས་ཁྱེད་ལ་བདག་གི་དད་སྨོན་བཤད། །

མ་བཅོས་དད་སྨོན་ལྷ་མོས་ཉན་པར་མཛོད། །
མཛོད་དབྱངས་ཚིག་སྙན་སྤུ་གྲིའི་རོལ་སྐུད་དེ། །
དེ་ཡང་མ་ལུས་བདག་ལ་གནང་མཛོད་ནས། །
ནས་ཆང་བདུུད་རྩིའི་རོ་ཞུམ་སྙན་པར་མཛོད། །

སྙན་སྙན་ལྷ་མོའི་གསུངས་ལ་བཟི་རྒོད་འཕྲོས། །
མཛེས་མཛེས་སྲིད་གསུམ་སྒེག་མའི་མཚན་གསོལ་བ། །
ལུས་སྐུ་གསེར་འོད་འཕྲོད་པའི་དབྱངས་ཅན་མས། །
ཁམས་གསུམ་དབྱངས་དགའི་བུ་ལ་བྱིན་རློབས་བསྩོལ། །

དད་ལྡན་འགྲོ་དྲུག་སྐྱེ་བོའི་སེམས་ཀྱི་ལྷ། །
མཛེས་དགའི་འདོད་ལྡན་རྨི་ལམ་འཁྲུག་སའི་མི། །
དགའ་དགའ་ཁྱེད་ལ་དགའ་བའི་འཕྲིན་ཡིག་ཡང་། །
སྐུར་སྐུར་ཁྱེད་ཀྱི་གམ་ལ་འབྱོར་ཡོད་འཁྲུལ། །

ཁྱེད་སྐུ་མཛེས་པའི་གངས་ཀྱི་རང་མདངས་བརྗིད་ཆགས་ཉམས་བའི་ངང་ཚུལ་སྐད། །
ཁྱེད་གསུང་སྙན་པའི་སྲིད་གསུམ་འདོད་ལྡན་ཆགས་པའི་སྨྱོས་ནས་ཞེ་སྣང་འཁྲུལ། །
ཁྱེད་ཐུགས་བྱང་ཆུབ་ཉམས་པ་མེད་པའི་སྤྱན་རས་གཟིགས་དང་དབྱེར་བར་བྲལ། །
ཁྱེད་དད་སྐྱེ་བོ་སོར་ཀྱི་འཕྲེང་བ་མཐའ་མེད་མཁའ་ཡི་ངང་ཚུལ་བཞིན། །

མཛེས་སྐུ་ཨུ་དུམ་ཝ་རའི་དགའ་ཚལ་སྤྱན་གྱི་བུང་བ་ལྡེམ་ལྡེམ་གཡོ། །
གདོང་གི་མཛེས་དཔལ་རི་དྭགས་མཚན་ཅན་དཀར་འཇམ་འོད་ཀྱི་དྲ་བའི་གར། །
རླུང་གིས་སྐྱོད་པའི་སྐྲ་ཡི་ཉག་མ་རྒྱུད་མང་སྒྲ་ཡི་སྙན་དབྱངས་རྟ། །

བརྡ་བྲལ་བུ་མོ་ཚངས་བའི་སྲས་མོ་སྒོ་གསུམ་ཞབས་ཀྱི་སོར་མོ་འདུད། །

 

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*