ཞེན་ཆགས་ཀྱི་མགྲིན་གླུ།

                                                                     མེ་ཆར། ནང་ཆེན།

དབྱར་གསུམ་ས་གཞི་ལ་དྲོད་ཁོལ་རྒྱས་དུས། །
རྩི་ཤིང་སྣ་ཚོགས་ཀྱིས་མགོ་ལྕོག་ལྡེམ་དུས། །
མེ་ཏོག་དཀར་དམར་གྱི་དྲི་ཞིམ་ལྡང་དུས། །
དབྱངས་སྙན་མཛའ་གླུ་ཞིག་ངང་གིས་བརྡོལ་སོང་། །

རང་བྱུང་མཛེས་སྡུག་གི་འཁོར་ཡུག་འདི་ནས། །
བརྩེ་འཛུམ་མེ་ཏོག་གི་འདབ་རྒྱ་གྲོལ་ཏེ། །
དུང་སེམས་མིང་ཚིག་གི་ཟིལ་བ་ཁྲོམ་སེ། །
སྙན་ཚིག་མེ་ཏོག་གི་ཕོ་བྲང་བཞེངས་ཡོད། །

དྭངས་བསིལ་རྫ་ཆབ་ཅིག་འབབ་སའི་དབེན་གནས། །
མཛེས་སྡུག་ཉམས་དགའ་ཡི་ནེའུ་གསེང་ཚལ་ན། །
ཁྱོད་ནི་དབྱངས་སྙན་གྱི་རྒྱུད་སྐུད་བཞིན་དུ། །
ཁོ་མོའི་རྣ་བ་ལ་སྙན་སེ་གྲགས་འདུག །

མཚན་མོའི་ཟླ་འོད་ཀྱི་བསིལ་གྲིབ་འོག་ཏུ། །
ཟླ་བའི་བཞུད་ལམ་ཞིག་མིག་གིས་འཚོ་བཞིན། །
མཚམས་སྤྲིན་འདབ་མ་ལ་འཁྲེང་བའི་གཞས་ཆུང་། །
ཚོར་བའི་གཏིང་རིམ་ནས་ཤུགས་ཀྱིས་བླངས་ཡོད། །

མ་བཅོས་ནང་སེམས་ཀྱི་མེ་ལོང་ངོས་སུ། །
ཁྱོད་ཞལ་མཛེས་སྡུག་གི་ལང་ཚོ་བཀོད་ཡོད། །
འགོག་མེད་བརྩེ་འདང་གི་མེ་ཏོག་འཁྲུངས་ཡོད། །
འབྲལ་མེད་ཚེ་གཅིག་གི་སྲུང་འཁོར་བྱས་ཡོད། །

མི་ཚེའི་རྨི་ལམ་གྱི་གར་སྟེགས་སྟེང་དུ། །
སྐྱིད་སྡུག་སྣ་ཚོགས་ཀྱི་ཟློས་གར་འཁྲབ་པའི། །
འཁོར་བའི་མི་ཚོགས་ལ་བློ་གཏད་མེད་ཀྱང་། །
ཞེན་པའི་བག་ཆགས་ཞིག་ཁྱོད་སར་ལྷག་སོང་། །

འཇིག་རྟེན་འཁོར་བ་ལ་ཁ་དོག་མེད་ཀྱང་། །
ཁྱེད་རང་ཡོད་པ་ཡིས་མཛེས་སྡུག་ཁེངས་ཡོད། །
ཐུན་སུམ་རྨི་ལམ་གྱི་སོ་མཚམས་ཤིག་ནས། །
ཚིག་ཚོགས་སྣ་ཚོགས་ཀྱི་བརྗོད་བྱ་ཁྱོད་ཡིན། །

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*