པདྨ་དབང་རྒྱལ་མཆོག་གི་བཀའ་དྲིན།

སྐྱབས་རྗེ་བླ་མ་རིན་པོ་ཆེ་ཁྱབ་བདག་དགེ་མང་པ་པདྨ་དབང་རྒྱལ་མཆོག་གི་བཀའ་དྲིན་མཚུངས་མཐའ་དང་བྲལ་བ་དྲན་པའི་སློབ་བུས་ཐོར་གླུ་ལྕང་ཡུལ་དབྱངས་རྟ།

 

དགེ་གྲྭ་རྒྱལ། རྫ་ཆུ་ཁ།


མི་མཆོག་མི་ཡི་སྐྱོབ་པ་ལྷ་ཡི་རྒྱལ། །
མཚུངས་མེད་རྣམ་འདྲེན་རྒྱལ་པོ་ཟས་གཙང་སྲས། །
སྟོན་པ་སྟོང་གི་མཆོག་མངལ་ཐུབ་སྟོན་པ། །
མཚུངས་མེད་བདག་གི་སྟོན་པའི་ཞབས་ལ་འདུད། །


ཨེ་མ་བསིལ་ལྡན་ལྗོངས་ཀྱི་ཆུ་རིང་གསུམ། །
ཡ་གྱལ་བདག་གི་ཕ་ཡུལ་རྫ་ཆུ་ཁ། །
རིགས་མཐུན་ཐུ་བྷོད་སྤུན་ཟླ་འཚོ་སའི་གནས། །
ལྷ་སྡེ་དགེ་རྩེ་བར་མའི་ལྗོངས་སུ་རྗེ་ཉིད་འཁྲུངས། །


རྒྱལ་བ་ཀུན་འདུས་ངོ་བོ་པདྨ༵འབྱུང་། །
སྐྱབས་གཅིག་མི་ཡི་ཚུལ་འཛིན་ཁྱབ་བདག་པ། །
རིགས་དྲུག་བློ་ཁ་བསྒྱུར་པའི་ཤིང་རྟ་བ། །
ཚངས་དབ༵ང་ཆོས་ཀྱི་རྒྱ༵ལ་མཆོ༵ག་ཉི་མ་སྟོན། །


འདྲེན་མཆོག་ཐུབ་དབང་སྟོན་པ་མི་ཡུལ་བྱོན། །
ཡང་དག་རྫོགས་པའི་ཆོས་འཁོར་རབ་གསུམ་སྐོར། །
གསུངས་རབ་དམ་ཆོས་བརྒྱད་ཁྲི་བཞི་སྟོང་བལྟམས། །
ཀུན་འདུས་ངོ་བོ་འཆད་པའི་རྫོགས་ཆེན་པ། །
མཚུངས་མེད་བླ་མའི་སྐུ་དྲིན་མ་བསྟེན་ན། །
རིགས་དྲུག་འཁོར་པའི་སྐྱེས་རབ་མ་རྟོགས་ལ། །
དཀོན་མཆོག་བརྙེད་པའི་ཉུང་ཁུ་མ་རྟོགས་པར། །
དལ་འབྱོར་ད་རེས་ཙམ་ཡི་མ་རྟོགས་ལ། །
བློ་ཁ་ཆོས་ལ་ཕྱོགས་པ་མ་ཡིན་ལ། །
ངན་སོང་གསུམ་དང་འཁོར་བ་གསུམ་ལ་འཁྱམས། །
གཏན་ཏུ་དམ་ཆོས་བརྙེད་པ་མ་ཡིན་ལ། །
དེ་ཕྱིར་བློ་ཁ་ཆོས་ཕྱོགས་འཁོར་བ་འདི། །
མཚུངས་མེད་རྒྱལ་བའི་སྲས་པོ་ཁྱེད་ཀྱི་དྲིན། །


འཇིགས་རྟེན་འཁོར་བའི་མགོ་པོ་རྨོངས་རྨོངས་ཀྱིས། །
རྒྱུ་འབྱོར་ཐོབ་དབང་ཡིད་ལ་རབ་ཏུ་གཙོ། །
གཟུགས་མཛེས་སྒེག་གི་གདོང་ལ་ཆགས་ཞེན་འཕེལ། །
བདག་འཛིན་བདག་འདི་རབ་ཏུ་རྨད་པར་འཁྲུལ། །
མི་འཆི་མི་འཆི་བསམ་པ་རྟགས་བརྟན་འཁོར། །
འཁོར་པའི་སྙིང་པོ་རབ་ཏུ་རྨད་པར་འཁྲུལ། །
འཁྲུལ་ནས་སྐྱེས་རབ་ཀུན་ལ་ཐར་ལམ་ཅད། །
དེ་ཡང་བརྗོད་བྲལ་དམ་པ་ཐུབ་བསྟན་འཛིན། །
ཟབ་མོ་ཐུབ་པའི་དགོངས་པ་དོན་རྟོགས་པ། །
བདག་ལ་སྲིད་གསུམ་མི་རྟག་ངོ་བོ་གསུང་། །
ལོ་འཁོར་གཅིག་གི་དུས་བཞི་མི་རྟག་པ། །
ལོ་ཟླའི་ཉིན་ཞག་མི་རྟག་སྐད་གཅིག་འགྱུར། །
འདོར་ན་འདུས་བྱས་མཐའ་དག་མི་རྟག་པ། །
ཐམས་ཅན་དར་དར་རྒུད་པའི་ཚུལ་བལྟོས་གསུངས། །
དེ་ཕྱིར་འདུས་བྱས་མི་རྟག་བདག་གིས་རྟོགས། །
དེ་ཡང་མཚུངས་མཐའ་མེད་པའི་བླ་མའི་དྲིན། །

ཐམས་ཅད་མཁྱེན་པའི་ནུས་སྟོབས་མ་ཡོད་ཕྱིར། །

 

ཤི་ནས་གང་ལ་འཁོར་པ་མི་ཤེས་ལ། །

ཤི་ན་སྐྱེས་རྒྱུ་ཡོད་མེད་མ་རྟོགས་པར། །
ད་ལྟའི་ལས་ལ་ཞེན་པ་སྲིད་པའི་སྲོལ། །
དེ་ཡང་བསྟན་འཛིན་ཚད་མའི་སྐྱེས་བུ་དེས། །
སྐྱེས་ཤིང་སྐྱེས་པ་ཡང་དག་རྫོགས་པའི་སངས། །
དེ་ལ་འབད་པར་གྱིས་ཤིག་སྐལ་ལྡན་བུ། །
དགེ་བའི་ལས་ཀྱིས་དགེ་པའི་འབྲས་བུ་སྨིན། །
དགེ་པའི་ལས་དེ་བདེ་འགྲོ་ཐར་པར་ལམ། །
དོན་མེད་སྲོག་གཅོད་སྡུག་ལྔ་ལ་སོགས་པ། །
སྡིག་པས་ནུས་སྟོབས་ངན་སོང་འཁོར་པའི་གཞི། །
དེ་འདྲ་དེ་ལ་སྙིང་པོ་མི་འདུག་པས། །
སྡིག་པའི་རྒྱུ་ཆུང་འབྲས་པའི་ཆེན་པ་གསུངས། །
དམ་པའི་ལྷ་ཆོས་སྒྲུབ་ཤིག་གཏན་ཏུ་གསུངས། །
རྒྱུ་འབྲས་ཚུལ་བཞིན་རྟོགས་པ་བླ་མའི་དྲིན། །

Be the first to comment

Leave a Reply

Your email address will not be published.


*