ཁྲག་རྩ་དཀྲོལ་བའི་དགུ་སིང་དྲུག་འགྱུར།

རྫ་ཤུལ་བློ་བཟང་། དྲེལ་དཀར།

རྒྱབ་ལྗོངས་རོལ་དབྱངས་དེ་སྐྱོ་བའི་ཉམས་ཤིག །
མདུན་གྱི་འཁྲབ་གཞུང་ལ་བརྩེ་བས་བསླད་ཅིག །
མགུར་རིང་མགུར་ཐུང་རེ་སེམས་པ་ཐོགས་པའི། །
འཁོར་བའི་མི་ཚོགས་ལ་གླུ་ཞིག་འབུལ་འདོད། །

ལས་འཕྲོའི་ས་བོན་གྱིས་ཐེབས་ཚུལ་ངས་བཤད། །
ཨ་ཇོའི་གསང་གཏམ་གྱི་སྒོ་མོ་ཁྱོས་ཕྱེས། །
བདུད་རྩི་ནས་ཆང་གིས་མྱོས་པ་ཇི་བཞིན། །
འཁོར་བའི་མི་ཚོགས་ལ་གླུ་ཞིག་འབུལ་འདོད། །

འཕྱོངས་རྒྱས་ཟླ་སྒྲོན་གྱི་སྙིང་གཏམ་བཤད་ས། །
ཚངས་དབྱངས་རྒྱ་མཚོ་ཡིས་བར་སྐོར་བསྐོར་ཚུལ། །
སྲིད་པའི་གཏམ་རྒྱུད་ཅིག་དབུ་འཁྱུད་བྲིས་རབས། །
འཁོར་བའི་མི་ཚོགས་ལ་གཟིགས་རྟེན་འབུལ་འདོད། །

ལྷ་ས་རྨི་ལམ་གྱི་མཁར་རྫོང་ཞིག་སྟེ། །
བར་སྐོར་དུང་སེམས་ཀྱི་སྐུད་པས་སྦྲེལ་ནས། །
བྱུ་རུ་དམར་ཆུང་ཞིག་ལམ་ནས་རྙེད་པ། །
གཏན་གྱི་འདུན་མ་དེ་ཡིན་རབས་གླེང་ཡོང་། །

གཡུ་ཐོག་ཟམ་ཐོག་ནས་རྙེད་པའི་གཡུ་ཆུང་། །
ཚེ་གཅིག་སྲུང་འཁོར་གྱི་མཚོན་དུ་བཞག་ཡོད། །
འཁོར་བའི་རྨི་ལམ་གྱི་བརྡ་ལུང་དགྲོལ་ན། །
སེམས་ཀྱི་དབྱངས་རྟ་དེའི་གསང་བ་རྟོགས་ཡོང་། །

ཚིག་གི་ཟིལ་བ་ལ་དབྱངས་ཀྱི་བཅུད་ལྡན། །
སྨུག་པའི་རི་ལུང་དག་རྒྱང་ནས་བརྗིད་ཆེ། །
མགུར་མའི་སྨོན་ལམ་གྱིས་དཀྲིས་པའི་ལང་ཚོ། །
གསང་བའི་མེ་ལོང་ལས་ཝ་ལེར་འཆར་ཡོད། །

དབྱངས་ཀྱི་ང་རོ་ཡིས་བསླས་པའི་ལན་བུ། །
ལས་འཕྲོའི་བསིལ་རླུང་གིས་དལ་མོར་བསྐྱོད་དེ། །
གཡུ་ཐོག་ཟམ་པ་ནས་ཐུག་འཕྲད་བྱུང་དུས། །
ཚངས་མགུར་སྙན་མོ་ཞིག་ཡིད་ལ་འཁོར་གདའ། །

སེམས་སུ་ཐོགས་པ་དེ་བརྩེ་བའི་ལ་གཞས།
ལུས་ཀྱིས་མྱང་བྱ་ནི་འཁོར་བའི་རེག་བྱ། །
སྐྱོ་མོ་སྐྱོ་མོ་ཡིས་སེམས་པ་བསླུས་ནས། །
སྤྲོ་མོ་སྤྲོ་མོ་ཞིག་ཡོང་ཐབས་མ་མཆིས། །

འཁོར་བ་འཁོར་ལོ་ཡི་ཁྱད་ཆོས་ངས་ཤེས། །
སྲིད་པའི་རྨི་ལམ་གྱི་རང་མཚང་ཁྱོས་རྟོགས། །
བདེན་འཛིན་བག་ཆགས་ཀྱིས་བཅིངས་བའི་ང་ཅག །
འཁོར་བའི་གཞས་ཆུང་ལ་དུངས་མཁན་ཤ་སྟག །

ཚོར་བའི་གར་སྟབས་ཀྱི་སྣང་བརྙན་མཐའ་དག །
མཆོད་རྟེན་ནག་པོ་དེ་ཕག་ཏུ་ཡིབས་ན། །
བདེ་སྡུག་བཏང་སྙོམས་ཀྱི་ཚོར་འདུ་སུས་བཤད། །
འཇིག་རྟེན་འདུ་འགོད་ཀྱི་རི་མོ་སུས་འབྲི། །

སེམས་ཚོར་སྣང་བ་འདི་སྟོང་བ་ཨེ་རེད། །
གཞས་ཆུང་སྙན་མོ་དེ་ཡིད་ལ་ཨེ་ཡོད། །
འཁོར་བའི་གཞིས་ཁྱིམ་ལ་སྙིང་པོ་ཨེ་གདའ། །
སྐྱོ་བའི་གཞས་ཆུང་རེ་མགྲིན་རྩེར་དྲོངས་དང་། །

འཚོ་བའི་བདེ་སྡུག་གི་རི་མོ་མངོན་ནས། །
དགའ་སྐྱོ་ཆགས་སྡང་གི་སྣང་བརྙན་སྟོན་ཤོག །
སེམས་ཀྱི་རྟོག་ཚོགས་དག་ཟོལ་གྱིས་སྨོས་དང་། །
དྲན་པའི་ཕྱི་ནང་གི་བརྗོད་དོན་རྟོགས་ཡོང་། །

རྨི་ལམ་དཀར་དམར་དེ་ང་གཉིས་ཡོད་རེད། །
དགའ་སྡུག་རེ་དོགས་ཀྱང་ཡོད་ཚུལ་མཚུངས་རེད། །
ཡིད་ཀྱི་གསང་བ་དེ་ཚིག་ལ་བརྒྱུས་དང་། །
རང་ཉིད་ཁྱེར་རྐྱང་ཡང་མིན་པར་ཤེས་སྲིད།།

ལི་ཐང་འབའ་ཐང་གཉིས་སེམས་ལ་འཁོར་དོན། །
རྩྭ་ཐང་ཆེ་ཆུང་གིས་ཁྱད་པར་མ་རེད། །
མགུར་དབྱངས་སྙན་མོ་ཞིག་འཁྲུངས་ས་ཡིན་པས། །
རྒྱ་ལྕང་མགོ་ལྕོག་ཀྱང་དེ་རུ་ཕྱོགས་འདུག །

Be the first to comment

Leave a Reply

Your email address will not be published.


*