མེ་ཆར། ནང་ཆེན།
སེམས་དངུལ་དཀར་མེ་ལོང་སྟེང་དུ། །
ཞེ་འདང་བརྩེའི་རི་མོ་བྲིས་པ། །
ལོ་ཟླ་བའི་འཕོ་འགྱུར་ཁྲོད་ནས། །
ལས་ཐོད་པའི་རི་མོ་ཕབ་ཡོད། །
ཕྱི་མི་རྟག་འཇིག་རྟེན་གྲོང་ནས། །
ནང་ཚོགས་དྲུག་མེ་ཏོག་བཞད་དུས། །
ཡིད་དགའ་སྐྱོའི་ཚོར་འདུ་དྲག་པོས། །
གཏམ་སྙན་ཚིག་དབྱངས་རྟ་དཀྲོལ་ཡོང་། །
དུས་རྟག་བརྟན་མེད་པའི་ཡུལ་འདི། །
སྐྱིད་རྨི་ལམ་སྐད་ཅིག་ཡུད་ཙམ། །
དབྱར་མགོ་མའི་མེ་ཏོག་ཁེར་སྐྱེས། །
སྟོན་བསེར་བུས་གློ་བུར་བཅོམ་ཐལ། །
ལུས་ལང་ཚོ་འཇའ་བཞིན་ཡལ་ཏེ། །
སྐྱིད་རྨི་ལམ་ཡུད་ཀྱིས་འཇིག་པ། །
སྡུག་འཇིག་རྟེན་སྒྱུ་མའི་གྲོང་འདི། །
དུས་མི་རྟག་རེས་མོས་འཁོར་ལོ། །
ཡུལ་འཇིག་རྟེན་ཁ་ཞེང་ཇེ་ཆེ། །
དུས་ནམ་ཟླ་ཉིན་རེར་ཇེ་འཁྱག །
དགུང་ཆུ་འཛིན་ཕར་གཡོ་ཚུར་གཡོ། །
དེའི་ནང་གི་ཟླ་བ་ཁེར་རྐྱང་། །
ཞོགས་གསེར་མདོག་ཡལ་བའི་ཉི་ཟླ། །
ལྷོའི་རི་བོའི་ཕྲག་ནས་འཛུམ་དུས། །
གངས་ཁ་བའི་ཕྱེ་མ་ཟགས་པའི། །
དགུན་གྲང་རླུང་རྒོད་པས་སྐྱོ་འོ། །
དབྱངས་སྙན་མོའི་འགྱུར་ཁུག་ཁྲོད་ནས། །
ངག་མགྲིན་པའི་རོལ་མོ་འཁྲོལ་བཞིན། །
ཁ་ཚིག་གསུམ་གཏམ་ཞིག་བཤད་ས། །
ཚིག་ཐ་སྙད་འདི་ལས་ཅི་ཡོད། །
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།