ལོ་མང་ཞིག་གི་རྗེས་སུ། ཆེས་དགའ་སྨྱོན་པའི་མི་ཞིག་གློ་བུར་དུ་ཐུག་འཕྲད་བྱུང་བ་ནི། ང་ལ་མཚོན་ན་ཧ་ཅང་གི་བཤད་དཀའ་བའི་སེམས་འཚོར་ཆེན་པོ་ཞིག་བྱུང་།
སེམས་འཚོར་ཙམ་གྱིས་མ་ཚད། ཁྱོད་དང་ཐུག་དུས་ལག་པ་འཇུས་ནས་འཚམས་འདྲི་ཡག་པོ་ཞིག་ཀྱང་བྱེད་མ་ཐུབ་པ་མ་ཟད། འོས་འཚམ་གྱི་སྐད་ཆ་ཞིག་དེ་བས་ཀྱང་བཤད་མ་ཐུབ། འོན་ཀྱང་ཁྱོད་ནི་ལོ་ངོ་ཇི་ཙམ་སོང་ཡང་སྔར་བཞིན་འཛུམ་ཆུང་གྲོལ་ཞིང་བག་ལྷོད་ཀྱི་ངང་ནས་ང་ལ་འཚམས་འདྲི་བྱས་པས། ང་རང་ལྷག་ཏུ་ཁ་སྐྱེངས་ཏེ་སྐད་ཅིག་ཉིད་ལ་ངོ་མདངས་ཀྱང་དམར་པོར་གྱུར།
ང་ལ་མཚོན་ན་ཉི་མ་དེ་ནི། དགུན་ནས་དཔྱིད་དུས་མེད་པར་དབྱར་གཞུང་དུ་འགྱུར་བ་ལྟ་བུའི་དགའ་ཚོར་ཞིག་བྱུང་བ་ནི་ང་རང་གིས་མ་གཏོགས་གཞན་སུས་ཀྱང་མ་རྟོགས། གཅིག་བྱས་ན། ཁྱོད་ཀྱི་སེམས་ནང་ལ་ཡང་། ང་རང་ལ་མོས་པ་ཇི་ཙམ་ཡོད་མིན་ཤེས་ནས་ཡིན་སྲིད་མོད། ལས་དབང་ཞེས་པ་ནི་ཇི་ལྟར་སྙམ་ན་དེ་ལྟར་འགྲུབ་ཡོང་བ་ཞིག་མིན་ཙམ་རེད་ཅེས་སོ་སོས་སོ་སོར་ཁ་ཏ་བྱས། བྲལ་དུས་ཁྱོད་ཀྱིས་ཕྱིར་བལྟས་ལ་བལྟ་བཞིན་སྤྱི་ལེ་བརྒྱ་ཕྲག་འགའ་བརྒྱུད་ནས་རང་གནས་ཕྱོགས་སུ་ལོག །
རི་བོ་དང་གངས་རི་གང་ཡང་མི་མངོན་པའི་ས་ཆ་འདིར། གྲོང་ཁྱེར་གྱི་འོད་སྣང་རྣམས་སྐར་མ་བཞིན་དུ་འཚེར། ལྕགས་ཀྱི་ཁང་བརྩེགས་མཐོན་པོ་རྣམས་ནམ་མཁའི་མཐོངས་སུ་འཕྱུར་བ་དེས། ང་ཡི་སེམས་ཁམས་ལ་སྐྱིད་སྣང་ཞིག་མ་སྦྱིན་ནས་རྩོམ་འདི་བྲིས།
ཕར་ནང་དཀོན་མཆོག་དར་རྒྱས་ནས།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།