ནང་སེམས་ཀྱི་སྙན་ངག་འདི།

བདེ་ཆེན་ངག་གྲོལ།

༡༽

ལྷོ་སྤྲིན་ཉི་མ་དགུང་གི་གསེབ་ཀ་རུ། །
ནང་སེམས་དལ་བུ་འདྲེན་པའི་མཚམས་ནང་དེར། །
ངག་གི་ལྷ་མོ་སྒུག་པའི་ཚིག་ཕྲེང་རེ། །
གསོང་པོའི་སྨྲ་ལྕེ་སྒུལ་བའི་སྙན་ངག་ཤོར། །

༢༽

མི་ཚེ་ཕྲེང་རྡོག་ཅིག་གི་ནང་རུམ་དུ། །
སྐྱིད་སྡུག་པདྨར་སྐྱེས་པའི་འཁོར་བ་ནས། །
ཕྱི་ནང་ཚོར་བ་ལྡིང་བའི་རྟོག་པ་འདིས། །
ངག་རིག་ཚིག་ཕྲེང་སྡེབ་པའི་སྙན་ངག་ཤོར། །

༣༽

ནམ་ཟླ་གྲང་བས་བཞུར་བའི་དགུན་དུས་འདིར། །
ཁ་བ་མར་མར་འབབ་པའི་དབྱིངས་རིམ་ན། །
སེམས་པ་དར་དཀར་ཅིག་གི་འཆང་སྣེ་རུ། །
ཕྱི་རོལ་སྣང་བ་འདྲེན་པའི་སྙན་ངག་ཤོར། །

༤༽

སྨན་ལྗོངས་ནོར་འཛིན་ཡངས་མོའི་གཏིང་རིམ་ན། །
བྱ་དང་བྱེའུ་གསུང་སྐད་སྙན་སྙན་སྒྲོག །
རྩི་ཤིང་སྣ་ཚོགས་མགོ་ལྕོག་ལྡེམ་ལྡེམ་གཡོ། །
རང་བྱུང་འཁོར་ཡུག་དེ་རུ་སྙན་ངག་ཤོར། །

༥༽

སྟོན་གྱི་ཟླ་བ་རྒྱས་པའི་འགྲམ་ངོགས་སུ། །
ལུས་གདུང་བསིལ་བར་ཐིམ་པའི་ཚོར་བ་རེ། །
ངག་རིག་དབྱངས་འགྲོས་བུ་མོའི་སྟངས་སྟབས་བཞིན། །
དཀར་འཇམ་ཤོག་དཀར་ཁུད་དུ་སྙན་ངག་ཤོར། །

༦༽

འཁོར་ཡུག་ས་རྡུལ་འཐིམས་པའི་ཁ་དབུགས་ཁྲོད། །
མི་ཚོགས་ཟང་ཟེང་འུ་འུར་གཏོང་མཚགས་སུ། །
ཕ་སྐད་རུས་རྐང་འཚོལ་བའི་ཚིག་ཕྲེང་རེ། །
ནང་སེམས་ཕྱི་རུ་ལྡིང་བའི་སྙན་ངག་ཤོར། །

༧༽

ཕྱི་རོལ་རྒྱལ་ཁམས་སྒྱུ་མའི་ཟློས་གར་ངོགས། །
རྣམ་གཡེང་འཁྲུལ་ཤེས་རིག་རྩལ་དབང་དུ་བཙན། །
ཕལ་བའི་མི་སེམས་བསླུ་བའི་ཕ་ངོགས་ནས། །
ཉམས་འགྱུར་སོར་རྩེའི་སྒུལ་བའི་སྙན་ངག་ཤོར། །

༨༽

དུང་སེམས་དཀར་པོ་འོ་མའི་མདངས་སུ་འཚེར། །
གླུ་དབྱངས་སྙན་མོ་མགྲིན་པའི་རྩ་འདུད་གྲོལ། །
རང་འབྲོག་མི་བུ་ཞིག་གིས་འཚོ་བ་འདི། །
ཕྱུགས་ཟོག་རྩ་ཐང་བགྲོད་པའི་སྙན་ངག་ཤོར། །

༩༽

ཞི་འཇགས་འཚོ་བ་རོལ་བའི་ལོ་ཟླའི་ཤུགས། །
རང་ཤག་ཁང་ཆུང་གྲུབ་བཞི་ནང་རུམ་ན། །
མི་ཚེ་ཐོས་པ་སྐྱལ་བའི་གྲ་བརྩུན་ངས། །
བོད་ཀྱི་རུས་རྐང་འཚོལ་བའི་སྙན་ངག་ཤོར། །

༡༠༽

ཕྱི་ནང་རྟོག་པ་ལྡིང་བའི་འཇིག་རྟེན་ནས། །
ངག་རིག་དབྱངས་འགྲོས་བུ་མོའི་མགུ་ཤུགས་ཀྱིས། །
ཚོར་འདུ་དཀར་དམར་སྣང་བའི་འདུས་མདོ་རུ། །
གསོང་པོའི་སྨྲ་ལྕེ་སྒུལ་བའི་སྙན་ངག་འབྲི། །

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*