དཀར་མཛེས། རང་མདངས།
སྐྱེས་སྐར་ཉིན།
ལོ་ཟླ་མང་པོའི་སེམས་ཀྱི་རི་མོ་མ། །
བྲིས་པའི་དུས་ཚོད་རིང་མ་ཐུང་གི་ནང་། །
ཁྱོད་ཉིད་བཅོལ་བའི་བརྩེ་སེམས་མེ་ཏོག་འདི། །
ཡང་ཡང་བཞད་པ་ཁྱེད་ཀྱིས་ཨེ་ཚོར་ལགས། །
གནམ་ལ་ཉི་ཟླའི་གདུགས་དཀར་གཡས་སུ་འཁྱིལ། །
དགུང་སྔོན་སྤྲིན་དཀར་ཕུང་པོའི་བ་དན་འཕྱོ། །
ས་ལ་ལེགས་མཛེས་ཁ་བའི་རང་མདངས་ཡག །
དགུན་ཟླའི་གྲང་ངར་ཀློང་ན་ཁྱེད་རང་ལ། །
མི་བརྗེད་སྐེ་ལ་ཐོགས་པའི་མགུལ་ཇི་བཞིན། །
ཉིན་མཚན་དུས་དྲུག་ཀུན་ལ་དྲན་དྲག་པས། །
འདུ་འབྲལ་ལས་ཀྱི་སྣང་བ་སྐྱོ་ན་ཡང་། །
ཞེ་སྙིང་དམ་ཚིག་མདུད་པ་དཀྲོལ་མྱོང་མེད། །
ལས་དབང་ཞེ་ནག་ཅེས་པས་སྡིག་དགོས་བསམ། །
སྔར་བཀོད་རི་མོ་ངན་པས་གསུབ་དགོས་བསམ། །
ད་ཡོད་ད་མེད་སེམས་ཀྱི་འཆར་ཡན་འདི། །
མདང་གསུམ་རྨིས་པའི་རྨི་ལམ་ཡིན་ན་བསམ། །
ཞེ་ལ་ཐོགས་པའི་བྱི་རུ་སྙིང་གི་ནོར། །
འདང་བརྩེ་གང་ལ་བརྒྱན་ཀྱང་མཛེས་སྡུག་མ། །
ཡ་ཆུང་ཁོག་པའི་མྱི་ཡིན་དྲན་པའི་རྟེན། །
ཁྱེད་ལ་སྤྲིངས་པའི་འཕྲིན་ཡིག་དལ་གྱིས་གཟིགས། །
ཨ་མའི་པང་ནས་ཆས་ཏེ་མི་ལོ་མང་། །
ཉེར་བཞིའི་གཡང་ལོ་ཆར་བ་པང་དུ་ལྷུང་། །
མཛངས་ལྡན་མ་ཡི་མངལ་ནས་བྱུངབའི་ཉིན། །
སྐྱེས་སྐར་རྟེན་འབྲེལ་འཕེལ་བའི་དེ་རིང་ཏེ། །
ཁྱོད་ཉིད་ལྷ་རུ་སྒོམ་པའི་ཏིང་འཛིན་པ། །
ཉིན་མཚན་དྲན་པས་ཟིན་པའི་ཁེར་རྐྱང་ངས། །
ཚིག་གསུམ་དབྱངས་ཀྱི་ལང་ཚོའི་ལྷུག་པར་དཀྲོལ། །
དམར་ཆུང་སེམས་ཀྱི་ཚོར་སྣང་ཡིག་ཏུ་ཕབ། །
ལུས་ལ་ནད་མེད་ཚེ་ཡིས་བཀྲ་ཤིས་ཤོག །
ངག་ལ་ཚངས་དབྱངས་གསུང་གིས་འཇེབས་པར་ཤོག །
སེམས་ལ་ཅི་བསམ་ཡིད་བཞིན་དཔལ་འཕེལ་ཤོག །
གང་འདོད་བཀྲ་ཤིས་རི་མོས་མཛེས་པར་ཤོག །
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།