མེ་ཆར། ནང་ཆེན།
ཚོར་བ་རབ་རིབ་འདྲེས་པའི་ཉེ་འདབས་ནས། །
ཚོར་གཞས་སྙན་མོ་པི་ཝང་འགྲོས་དང་བསྡེབས། །
ཐ་སྙད་ཚིག་གིས་བསླས་པའི་དོ་ཧ་སྟེ། །
ངག་རིག་ཚིག་གི་མེ་ཏོག་འདི་ན་བཏབས། །
མི་ཚེ་ཀྱག་ཀྱོག་རིང་མོའི་དཀྱོགས་མཚམས་སུ། །
སྤྱི་ཚོགས་ཟང་ཟིང་འུར་གྱིས་ཁེངས་ན་ཡང་། །
སྣང་ཚོར་མག་མོག་ལྡང་བའི་ཡིད་མཁའ་རུ། །
ཚོར་གཞས་རླབས་ཀྱི་ཟེགས་མ་ཡང་ཡང་འཐོར། །
ཟང་ཟིང་འཁྲུལ་བའི་མནལ་ལམ་རིང་མོ་ནས། །
ང་ཚོ་འཁོར་བའི་མགྲོན་པོ་ཐེངས་གཅིག་ཙམ། །
བདེ་སྡུག་ཚོར་སྣང་གླུ་རུ་ལེན་པ་འདི། །
ཁོ་མོའི་སེམས་ཀྱི་མཛེས་སྡུག་གཞན་ཞིག་ཡིན། །
ཡིད་འོང་ལྷིང་འཇགས་སྐྱིད་པའི་དགའ་ཚལ་ནས། །
རིག་པའི་བུ་ཆུང་ཚོར་བའི་སྒོམ་དུ་ཞུགས། །
ཚོར་བས་ཚོར་བ་དཀྲོག་པའི་ནང་ཤེད་ནས། །
སྙན་དབང་དབྱངས་ཀྱི་རོལ་མོ་འཁྲོལ་ལ་བྲེལ། །
མི་སེམས་དྲི་མེད་ཤོག་དཀར་ངོས་ཡངས་སུ། །
འཆར་ཡན་གཟུགས་སུ་ཕབ་པའི་ཡི་གེའི་རིས། །
སྡེབ་ལེགས་ཚིག་གི་མཛེས་པ་མ་རྫོགས་ཀྱང་། །
སྣ་ཚོགས་ཚིག་གིས་མཚོན་པའི་མེ་ཏོག་བཀྲ། །
སྐྱིད་ལ་རེ་ཞིང་སྐྱོ་ལ་དོགས་པ་ཡི། །
ནང་སེམས་སྙི་མོ་ཕལ་བའི་མི་ཡི་གཤིས། །
དགའ་སྐྱོ་འདྲེས་མའི་སོ་མཚམས་རེ་རེ་ནས། །
ཐ་སྙད་སྐྱ་བོ་འགའ་ལ་རང་སེམས་གླན། །
ཡིད་ལ་དགའ་སྡུག་ཚོར་འདུ་གྲངས་མང་ཡང་། །
འུར་ཟིང་ཆེ་བའི་སྲིད་པའི་ནགས་ཀློང་དུ། །
ཚོར་བའི་ཚིག་གི་མེ་ཏོག་ཆུན་པོ་ཞིག །
མཛེས་འཛུམ་བར་ནས་འདབ་རྒྱ་ལྷུག་པོར་གྲོལ། །
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།