༧ཆོས་རྗེ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་ཐར་སྙིང་བསྡུས།

ཆོས་རྗེ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་ཐར་སྙིང་བསྡུས།

  ལྔ་རིག་སྨྲ་བའི་དབང་པོ་ཆོས་རྗེ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་མཆོག་ནི། མཚན་མཆོག་གསུམ་ལྡན་འཁོན་དཔལ་ཆེན་འོད་པོ་དང་། ཡུམ་གར་ཕུ་མ་ཉི་ཁྲི་ལྕམ་གཉིས་ཀྱི་སྲས་སུ་རབ་བྱུང་གསུམ་པའི་ཆུ་ཕོ་སྟག་ལོའི་བོད་ཟླ་དང་པོའི་ཚེས་ ༢༦ དང་ཕྱི་ལོ་ ༡༡༨༢ ལོར་གཙང་ས་སྐྱར་སྐུ་བལྟམས། ཆུང་དུས་ཀྱི་མཚན་ལ་དཔལ་ལྡན་དོན་གྲུབ་ཅེས་ཞུ་ཞིང་ལེགས་སྦྱར་སཾ་སྐྲྀ་ཏའི་སྐད་དང་ཡི་གེ་ལ་སོགས་པ་མ་བསླབ་པར་མཁྱེནདཔལ་ས་སྐྱའི་རྗེ་བཙུན་གོང་མ་རྣམ་ལྔའི་ཡ་གྱལ་ཁུ་བོ་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་ཤིང་མཚན་ལ་ཀུན་དགའ་རྒྱལ་མཚན་ཞེས་གསོལམགོན་པོ་གང་ཉིད་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་འཇམ་པའི་དབྱངས་སུ་གཟིགས་ཏེང་གི་དྲུང་ནས་ཐུན་མོང་གི་རིག་གནས་དང་ཐུན་མོང་མ་ཡིན་པའི་རིག་གནས་ལ་བསླབས་ཤིང་། དཔལ་ལྡན་ས་སྐྱ་པའི་སྙན་བརྒྱུད་མ་ལུས་པ་གསནམདོར་ན་མདོ་སྔགས་རིག་གནས་བཅས་ཀུན་ལ་གསན་བསམ་རྒྱ་ཆེར་མཛད་དེ་མཁས་པའི་རྩེར་སོན

 

     དེ་བཞིན་ཆོས་རྗེ་དགུང་ལོ་ ༢༣ ལོར་ཆུ་མིག་རིང་མོར་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་བྷ་དྲ་སྐུ་འཁོར་ཐོག་མར་མཇལ་བ་ནས་བཟུང་། སཾ་སྐྲྀ་ཏའི་སྐད་ཡིག་དང་། ནང་དོན་རིག་པ་དང་། སྒྲ་རིག་པ། ཚད་མ་རིག་པ་སོགས་བཅུ་ཕྲག་རིག་པའི་གནས་མཐའ་དག་ལ་གསན་བསམ་རྒྱ་ཆེར་མཛད་དེ་པཎྜི་ཏའི་མཚན་གསོལ་ཡང་གནང་སྟེགངས་རིའི་ལྗོངས་སུ་ལྔ་རིག་སྨྲ་བའི་དབང་པོའི་མཚན་གྱི་ཅོད་ཅན་ཐོག་མར་བཞེས། དགུང་ལོ་ ༧ པར་ཉང་སྨད་རྒྱན་གོང་དུ་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིབྷ་དྲའི་མདུན་དུ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཏེ། ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ཞེས་མཚན་གསོལ་ཞིང་ངུར་སྨྲིག་འཆང་བ་ཀུན་གྱི་གཙུག་རྒྱན་དུ་གྱུར། དེས་ན་ཆོས་རྗེ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ཞེས་ཡོངས་སུ་གྲགས། དགུང་ལོ་སོ་ལྔ་བཞེས་པར་མེ་བྱི་ཕྱི་ལོ་ ༡༢༡༦ ལོར་དཔལ་ལྡན་ས་སྐྱའི་ཆོས་ཁྲིར་མངའ་གསོལ་ཞིང་ མཁས་པའི་བྱ་བ་ལ་སོགས་པའི་དམ་པའི་ངང་ཚུལ་དགུ་ཡིས་བརྒྱན་ཞིང་སྙན་པའི་གྲགས་པ་ས་ཕྱོགས་གང་སར་ཁྱབ་སྟེ་བསྟན་འགྲོའི་དོན་རྒྱ་ཆེར་མཛད།

 

   དེ་ནས་ཆེན་པོ་ཧོར་གྱི་རྒྱལ་པོ་གོ་དན་གྱིས་བསོད་ནམས་ཀྱི་ཞིང་དུ་སྤྱན་དྲངས་ཚུལ་ནིཧོར་ཀྱི་དམག་དཔོན་དོར་རྟ་ནག་པོས། ཧོར་གྱི་རྒྱལ་པོ་གོ་དན་ལ་བོད་མཐའ་འཁོབ་ཀྱི་རྒྱལ་ཁབ་ན། དགེ་འདུན་གྱི་སྡེ་ནི་བཀའ་གདམས་པ་ཆེ། ངོ་སྲུང་ནི་སྟག་ལུང་ཆོས་རྗེ་མཁས། གཟི་བརྗིད་ནི་འབྲི་གུང་སྤྱན་སྔ་ཆེ། ཆོས་ནི་ས་སྐྱ་པཎྜི་ཏ་མཁས་འདུག་པས་གང་ཞིག་སྤྱན་འདྲེན་དགོས་མིན་བཀའ་ལུང་སྩོལ་ཅིག་ཅེས་པའི་ལན་དུ། བླང་དོར་གྱི་གནས་སྟན་མཁན་ཆོས་རྗེ་ས་སྐྱ་པཎྜི་ཏ་གདན་དྲོངས་ཤོག་ཅེས་གསུངས་ཏེ། གདན་ཞུའི་བཀའ་ཡིག་ནང་དུ། ཚེ་རིང་གནམ་གྱི་ཤེ་མོང་ལ། བསོད་ནམས་ཆེན་པོའི་དཔལ་ལ་བརྟེན་ནས་རྒྱལ་པོ་ངེད་ཀྱི་ལུང་། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ལ་གོ་བར་བྱ་བའི་གཏམ། ངེད་ཀྱི་ཕ་མ་དང་། གནམ་སའི་དྲིན་ལན་འཇལ་བའི་ཕྱིར། ལམ་གྱི་བླང་དོར་མ་ནོར་བ་སྟོན་ཤེས་པའི་བླ་མ་གཅིག་དགོས་པ་བརྟག་པ་བྱེད་དུས་ཁྱོད་དུ་འདུག་པ། ལམ་གྱི་བཀའ་ཚེགས་ལ་མ་བལྟ་བར་ཡོང་དགོས།ཞེས་སོགས་ཀྱི་བཀའ་ཤོག་ཕུལ་འབྱོར་ལྟར། ཆོས་རྗེ་དགུང་ལོ་ ༦༣ པར་ཕྱི་ལོ་ ༡༢༤༤ ལོར་གཙང་ས་སྐྱ་ནས་གཅུང་པོ་ཟངས་ཚ་བསོད་ནམས་རྒྱལ་མཚན་གྱི་སྲས་འགྲོ་མགོན་འཕགས་པ་དགུང་ལོ་བཅུ་དང་། ཕྱག་ན་རྡོ་རྗེ་དགུང་ལོ་དྲུག་ལ་སོན་པ་བཅས་སྐུ་འཁོར་ལྷན་རྒྱས་ཧོར་གོ་དན་གྱི་བཀའ་ཡི་ཕོ་ཉས་རིམ་གྱིས་གདན་དྲངས། གཙང་ནས་དབུས་སུ་ཕེབས་སྐབས་འབྲི་གུང་པ་དང་། ཚལ་པ། སྟག་ལུང་པ་ལ་སོགས་པའི་དབུས་ཀྱི་ཆེ་རྒུ་རྣམས་ཀྱིས་མཇལ་འཕྲད་ཞུས་ཤིང་ཆེ་ཁག་ཚང་མས་རྫོངས་སྐྱེས་དང་འབུལ་བ་རྒྱ་ཆེན་པོ་བཏེགས་ནསབོད་ཀྱི་བསྟན་པ་དང་འགྲོ་བ་ལ་ཕན་པའི་དོན་དུ་ཧོར་ཡུལ་ལ་ཕེབས་ཏེ་ཆོས་ཀྱི་མཛད་པ་རྒྱ་ཆེར་སྐྱོང་དགོས་པའི་རེ་བཅོལ་ཞུས་པ་དང་། གཙང་ནས་ལིང་ཆུ་རྩེ་བར་དུ་ཆོས་ཕྱོགས་ཀྱི་མཛད་འཕྲིན་གནང་བཞིན་ཕེབས་སྟབསདུས་ཡུན་ལོ་གསུམ་ཙམ་འགོར་བ་ཡིན། ཕྱི་ལོ་ ༡༢༤༦ ལོར་ལིང་ཆུ་རྩེར་ཕེབས་འབྱོར་བྱུང་། ཕྱི་ལོ་ ༡༢༤༧ ལོར་ཧོར་གྱི་རྒྱལ་པོ་གོ་དན་དང་ཐུགས་འཕྲད་དང་ཐེག་པ་ཆེན་པོའི་ཆོས་ཀྱི་གསུང་གླེང་གནང་སྟེ་ཐར་པའི་ས་བོན་ལ་བཀོད

  ཧོར་ཡུལ་དུ་བྱོན་པའི་དགོས་དམིགས་ཀྱང་འདི་ལྟར་གསལ་ཏེ བཀའ་གདམས་པ་ནམ་མཁའ་འབུམ་གྱིས། ཧོར་འདི་ལ་ཁྱེད་བྱོན་པས་ཕན་པའི་རྒྱུ་མཚན་བདོག་གམ་ཟེར་བ་ལ། ཧོར་འདིས་ངེད་ལ་ཅིས་ཀྱང་མཆོད་གནས་ལ་ཤོག མི་འོང་ན་དམག་འོང་ཟེར་བས། དམག་འོང་ན་བོད་ལ་གནོད་ཀྱིས་དོགས་ནས་འགྲོ་བ་ལགས། སེམས་ཅན་ལ་ཕན་དུ་རེ་ནས་འགྲོ་བ་མ་གཏོགས་པ་ཕན་ངེས་པའི་རྒྱུ་མཚན་མ་མཆིས། ལར་སེམས་ཅན་ལ་ཕན་ན་རང་གི་ལུས་སྲོག་གཏོང་བ་ལ་ཡང་མི་ཕོད་མི་བདོག་བ་ཙམ་ཤེས་པ་གདའ་གསུངས་འདུག་ན། བོད་ཁམས་སྤྱི་ལ་ཐུགས་བཞེད་རྒྱ་ཆེར་གནང་སྟེ་ཕེབས་པ་གདོན་མི་ཟ་ལ། རྒྱལ་པོ་གོ་དན་གྱི་གདན་ཞུའི་བཀའ་ཤོག་ནང་དུ། གལ་ཏེ་ན་སོ་རྒས་ཟེར་ན། སྔོན་ཐུབ་པའི་དབང་པོས་སེམས་ཅན་གྱི་དོན་དུ་ལུས་གྲངས་མེད་སྦྱིན་པ་བཏང་བ་ཇི་ཙམ། ཁྱེད་ཀྱི་ཆོས་གོ་བའི་དམ་བཅའ་དང་ཨེ་འགལ། ངས་མཐའི་ཁྲིམས་རྭ་སླངས། དམག་དཔུང་ཆེན་པོས་བརྡ་འདེད་བྱས་ན་སེམས་ཅན་མང་པོ་ལ་གནོད་པ་བྱས་ན་མི་སྐྲག་པ་ཨེ་ཡིན། དེས་ན་སངས་རྒྱས་ཀྱི་བསྟན་པ་དང་། སེམས་ཅན་མང་པོ་ལ་སོམས་ལ་ཁྱོད་མགྱོགས་པར་ཤོག ཉི་མ་ནུབ་ཕྱོགས་ཀྱི་བནྡ་རྣམས་ལ་མ་ཁྱེད་ཤེས་སུ་འཇུག་པ་ཡིནཞེས་སོགས་ཀྱི་བཀའ་ཡིག་དྲག་པོ་འདི་ལ་བརྟེན་ནས་བོད་འབངས་ཀྱི་བདེ་སྡུག་ལ་ཐུགས་བཞེད་གནང་སྟེ་ཕེབས་དགོས་ཁེལ་བ་ཡིན་པར་རྟོགས་ཐུབ་འདུག་སྙམ།

 

     ཧོར་ཡུལ་དུ་མཛད་འཕྲིན་བསྐྱངས་ཚུལ་ནི། གོ་དན་གྱིས་གནས་དབེན་པ་ཞིག་ན་དགོན་པ་ཕུན་སུམ་ཚོགས་པ་ཞིག་ཡོད་པས་ཁྱོད་ལ་འབུལ་རྒྱུ་ཡིན་དེར་ཕེབས་འགྲོ་ཞུས་ནས། ཆོས་རྗེ་དཔོན་སློབ་རྣམས་དང་། རྒྱལ་བཙུན་བློན་འབངས་འཁོར་དང་བཅས་པ་བྱོན། དེའི་ཚེ་ཆོས་རྗེས་ཕྱོགས་དེ་གཟིགས་མ་ཐག་ནས་སྒྱུ་མ་སྤྲུལ་པའི་དགོན་པ་ཡིན་པར་མཁྱེན་སྒོ་སྲུང་འཇིགས་སུ་རུང་བ་རྣམས་ལ་བཀའ་བསྒོ་དང་། གཞན་རྣམས་ལ་རབ་གནས་ཀྱི་མེ་ཏོག་འཐོར་བ་ལ་བརྟེན་ནས། སྒྱུ་མ་ཕྱིར་བཤིག་མ་ཐུབ་པར་དུས་ད་ལྟ་ཡང་མངོན་སུམ་དུ་མཇལ་རྒྱུ་ཡོད་ཅིང་། དེ་ཡང་ལང་ཇུ་སྡེ་བཞི་ཞེསཤར་སྤྲུལ་པའི་སྡེ། ལྷོ་དབང་གི་སྡེ། ནུབ་པདྨོའི་སྡེ། བྱང་རྒྱ་མཚོའི་སྡེ་ཞེས་ཆོས་སྡེ་ཆེན་པོ་བཞི་བཞེངས་པའི་ནང་ནས་དེ་ལ་སྤྲུལ་པའི་སྡེ་ཞེས་གྲགས་པ་ཡིན། དེང་སང་ལྟར་ན། ཀན་སུའུ་ཞིང་ཆེན་ཝུའུ་ཝེ་ས་ཁུལ་དུ་ཡོད་པའི་ལང་ཇུའི་མཁར་རམ་ལིང་ཆུ་རྩེ་ཞེས་འབོད་ཀྱིན་ཡོད། ཡང་རྒྱལ་པོ་གོ་དན་ལ་ཀླུ་ཡིས་གནོད་པས་ཤ་ཁྲའི་ནད་བྱུང་ནས་གཞན་སུས་ཀྱང་བཅོས་མ་ཐུབ་པར་ཆོས་རྗེས་ཆབ་གཏོར་དང་། འཕགས་པ་སེངྒེ་སྒྲའི་ཆོ་ག་མཛད་པ་སོགས་ཀྱིས་ནད་ལས་གྲོལ་བར་མཛད་ནས་མཚན་སྙན་སྔར་ས་རྒྱས། དེ་བཞིན་དུ་མཁས་པའི་ཉམས་དང་གྲུབ་པའི་རྩལ་རྫོགས་ཤིང་མཁས་པའི་བྱ་བ་ལ་སོགས་པ་དམ་པའི་ངང་ཚུལ་དགུ་ཡིས་བརྒྱན་པའི་སྐྱེས་བུ་ཁྱད་དུ་འཕགས་པ་ཞིག་མཇལ་བ་ལ་བརྟེན་ནསརྒྱལ་བཙུན་བློན་འབངས་འཁོར་དང་བཅས་རྣམས་ལ་ཐེག་པ་ཆེན་པོའི་དམ་པའི་ཆོས་སྒོར་ཞུགས་ཏེ་རྒྱལ་པོའི་བླ་མར་བཀུར། དེ་རིང་ཕྱིན་ཆད་དུ་ཨེ་ཀ་འུན་དང་ལྷ་པ་ཚོ་བནྡེའི་གྲལ་གོར་སྡོད་མི་ཆོག ཐམས་ཅད་ཀྱི་གྲལ་འགོར་བླ་མ་ཆོས་རྗེ་ས་སྐྱ་པཎྜི་ཏ་བཞུགས་ལ་སྨོན་ལམ་གསོལ་འདེབས་ཀྱི་དུས་སུའང་སྔོན་ལ་བནྡེ་རྣམས་ཀྱིས་གསོལ་འདེབས་དགོས་པའི་གཏན་འབེབས་གནང་། དེ་ནས་བཟུང་ཧོར་གྱི་རྒྱལ་ཁམས་སུ་རབ་ཏུ་བྱུང་བའི་དབུ་འཕངས་ཤིན་ཏུ་མཐོ་བར་གྱུར་ནས སངས་རྒྱས་ཀྱི་ཆོས་ལུགས་སྔར་ལས་ལྷག་པའི་དར་སྤེལ་མཛད།

 

  དེ་ལྟར་མགོན་པོ་གང་ཉིད་ནི་གསང་བའི་གནས་ལྟ་བས་མི་མངོན་པ་དང་། དབུ་ལ་གཙུག་ཏོར་དང་སྨིན་མཚམས་མཛད་སྤུ་སོགས་མཚན་བཟང་གིས་སྤྲས་ཤིང་མཐོང་ན་མི་མཐུན་པ་མེད་པ་ཞིག་དང་། མི་ནས་མིར་གྱུར་པའི་སྐྱེ་བ་ཉི་ཤུ་རྩ་ལྔའི་རིང་ལ་འཇམ་པའི་དབྱངས་ཀྱིརྗེས་སུ་བཟུང་བ་ལ་བརྟེན་ནསསྐུ་ཚེ་འདི་ཉིད་ཕྱི་ནང་གི་རིག་པའི་གནས་མཐའ་དག་ལ་ལན་རེ་ཟུང་རེ་ཙམ་ཐོས་པས་ཐམས་ཅད་ཁོང་དུ་ཆུད་པའི་རྣམ་དཔྱོད་བློ་གྲོས་ཀྱི་སྤོབས་པ་མངའ་ཞིང་རྒྱ་བོད་ཀྱི་མཁས་གྲུབ་མང་པོར་བསྟེན་ནས་ཤེས་བྱ་རིག་པའི་གནས་མཐའ་དག་ཐུགས་སུ་ཆུད་དེམི་འཇིགས་པའི་སྤོབས་པ་བརྙེས་ཤིང་མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་གྱི་འགྲོ་དོན་དང་མཛད་རྗེས་བླ་ན་མེད་པ་མཛད་ཡོད

 

   འཆད་པས་བསྟན་འགྲོའི་དོན་མཛད་ཚུལ་ནི བཟོ་རིག་པ། གསོ་བ་རིག་པ། སྒྲ་རིག་པ། གཏན་ཚིགས་རིག་པ། ནང་དོན་རིག་པ་སྟེ་ཆེ་བ་ལྔ་དང་། སྙན་དངགས། མངོན་བརྗོད། སྡེབ་སྦྱོར། ཟློས་གར། སྐར་རྩིས་སོགས་མདོར་ན་རིག་པའི་གནས་མཐའ་དག་ལ་རང་དོན་དུ་མཁས་པར་སྦྱངས་ཤིང་གཞན་དོན་དུ་དེ་རྣམས་འཆད་སྤེལ་རིམ་པར་མཛད་དེ། བཤད་པའི་བཀའ་བབསཤར་ནུབ་གུང་གསུམ་དང་། འུ་ཞང་ཤར་གསུམ། ཁང་གཉེར་ཞང་གསུམ་ལ་སོགས་པ་དང་། མན་ངག་གི་བཀའ་བབས་རྨར་སྟོན་ཆོས་རྒྱལ་དང་། ལྷོ་པ་ཀུན་མཁྱེན་ལ་སོགས་པ་དང་། རྟོགས་པའི་བཀའ་བབས་ཚོགས་སྒོམ་པ་ཀུན་དགའ་དཔལ་དང་། ཉན་ཆེན་བསོད་ནམས་བསྟན་པ། གྲུབ་ཐོབ་དཔལ་བ་ལ་སོགས་པ་དང་། དམིགས་བསལ་གྱི་བུ་སློབ་འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ་དང་། ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་ལ་སོགས་པ་མདོར་ན་དགུང་ལོ་དགུ་པར་སྒྲུབ་ཐབས་མཚོ་སྐྱེས་དང་། བཅུ་གཅིག་པར་བརྟག་གཉིས་དང་སངས་རྒྱས་མཉམ་སྦྱོར། བཅུ་གཉིས་པར་གུར་དང་སཾ་པུ་ཊ་གསུངས་པ་ནས་བཟུང་དགུང་ལོ་བདུན་ཅུ་བར་དུ་མདོ་སྔགས་རིག་གནས་དང་བཅས་ལ་བཤད་པ་རྒྱུན་མ་ཆད་པ་མཛད་དེབོད་རྒྱ་ཧོར་ལ་སོགས་པའི་ས་ཕྱོགས་ཀུན་ལ་མཁས་ཤིང་གྲུབ་པ་ཐོབ་པའི་བུ་ཆེན་གྲངས་ལས་འདས་པ་ཞིག་སྐྱེད་སྲིང་མཛད་ཡོད།

 

    རྩོད་པས་བསྟན་འགྲོའི་དོན་མཛད་ཚུལ་ནི བོད་སྔ་རབས་པའི་གྲུ་མཐའ་རྣམས་ལ་དག་ཐེར་ལེགས་པར་མཛད་པ་ན། དེ་མ་བཟོད་ནས་འུ་ཡུག་པ་རིག་པའི་སེང་གེ་ལ་སོགས་པ་མཁས་པ་མང་པོས་རྩོད་པ་གནང་སྟེ། མཐར་རྩོད་པའི་སྤོབས་པ་ཟད་དེ་སྙིང་ནས་མི་ཕྱེད་པའི་དད་པ་བརྟན་པོར་ཐོབ་སྟེ་ཞབས་པད་ཡུན་དུ་བསྟེན་པའི་མཁས་གྲུབ་གཉིས་ལྡན་གྱི་བུ་སློབ་མང་པོ་བཞུགས། དེ་བཞིན་དུ་འཕགས་ཡུལ་གྱི་ན་ལེནྡྲ་སོགས་ས་ཕྱོགས་ཀུན་ལ་ཆོས་རྗེ་ས་སྐྱ་པཎྜི་ཏའི་མཁས་པའི་སྙན་གྲགས་ཁྱབ་སྟེ། ཕྱི་རོལ་པ་རྣམས་ཕྲག་དོག་གིས་མ་བཟོད་པར་རིགས་པ་སྨྲ་བའི་དབང་ཕྱུག་མུ་སྟེགས་འཕྲོག་བྱེད་དགའ་བོ་འཁོར་དང་བཅས་པབོད་ཡུལ་སྐྱིད་གྲོང་དུ་འོང་ནས་འཕགས་པ་ཝ་ཏིའི་གཙུག་ལག་ཁང་དང་འདབས་འབྲེལ་བའི་སར་ཆོས་རྒྱལ་དཔང་པོའི་དབུ་བཞུགས་ཐོག་ཉིན་བཅུ་གསུམ་བར་དུ་རྩོད་པ་གནང་སྟེམུ་སྟེགས་འཕྲོག་བྱེད་དགའ་བོ་འཁོར་བཅས་རྩོད་པས་ཕམ་པར་མཛད་དེ་མི་སྨྲ་བའི་བརྟུལ་ཞུགས་ལ་བཀོད། རལ་པའི་ཁུར་བྲེགས་ཏེ་རབ་ཏུ་བྱུང་བ་སོགས་མཛད

    རྩོམ་པས་འགྲོ་དོན་མཛད་ཚུལ་ནི བོད་དུ་རིག་གནས་བཅུའི་སྲོལ་གཏོད་དེ་རིག་གནས་ཆེ་བ་ལྔ་ལས། བཟོ་རིག་པ་ལ་སྐུ་གཟུགས་ཀྱི་བསྟན་བཅོས། གསོ་བ་རིག་པ་ལ་ཡན་ལག་བརྒྱད་པའི་བསྡུས་དོན། སྒྲ་རིག་པ་ལ་ཤེས་རབ་འཕྲོ་བ་དང་སྒྲ་ཉེ་བར་བསྡུ་བ་སོགས། གཏན་ཚིགས་རིག་པ་ལ་རིགས་གཏེར་རྩ་འགྲེལ། ནང་དོན་རིག་པ་ལ་ཐུབ་པ་དགོངས་གསལ་ལ་སོགས་པ་བསྟན་བཅོས་མཛད་པ་དང་། རིག་གནས་ཆུང་བ་ལྔ་ལས། སྙན་ངག་ལ་མཁས་པའི་ཁ་རྒྱན་དང་མཁས་འཇུག མངོན་བརྗོད་ལ་ཚིག་གཏེར། སྡེབ་སྦྱོར་ལ་སྡེབ་སྦྱོར་མེ་ཏོག་གི་ཆུན་པོ། ཟློས་གར་ལ་རོལ་མོའི་བསྟན་བཅོས་དང་རབ་དགའི་འཇུག་པ། སྐར་རྩིས་ལ་བསྟན་པ་རིན་པོ་ཆེའི་རྩིས་ལ་སོགས་པ་མདོར་ན་བཅུ་ཕྲག་རིག་པའི་གནས་མཐའ་དག་ལ་མཁས་པར་སྦྱངས་ཤིང་བསྟན་བཅོས་དུ་མ་མཛད་དེབོད་ཡུལ་དུ་བཅུ་ཕྲག་རིག་པའི་སྲོལ་འབྱེད་ཅིག་ཏུ་གྱུར་ཡོད་ལ། དམིགས་བསལ་གྱི་བསྟན་བཅོས། ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པའི་ཉམས་ལེན་ཐུབ་པའི་དགོངས་པ་རབ་ཏུ་གསལ་བ་དང་། གསུང་རབ་སྤྱི་ལ་ལོག་པར་རྟོགས་པའི་དྲི་མ་སེལ་བར་བྱེད་པ་སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བ་དང་། རྒྱ་བོད་ཀྱི་ངན་རྟོག་བྲག་རི་འཇོམས་པར་བྱེད་པའི་ཚད་མའི་བསྟན་བཅོས་རིགས་པའི་གཏེར་གྱི་རྩ་འགྲེལ་སོགས་འཕྲིན་ལས་གོ་ལའི་ཤར་ནུབ་ཀུན་ལ་ཁྱབ་ཅིང་མཁས་པ་རྣམས་ཀྱིས་གཙུག་ཏུ་བཀུར་བའི་བསྟན་བཅོས་ངོ་མཚར་ཆེ་བ་དུ་མ་མཛད་པ་དང་། ལུགས་དང་ལུགས་མ་ཡིན་པ་རྣམ་པར་འབྱེད་པ་ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ཞེས་འཛམ་གླིང་ས་ཕྱོགས་གང་སརསྐད་ཡིག་མང་པོའི་ནང་དུ་ཁྱབ་སྟེ། དཔེར་ན། ས་སྐྱ་ལེགས་བཤད་བྱིས་པའི་ངག་ལ་ཡོད། །ཅེས་པ་ལྟར། ལེགས་བཤད་འདི་ནི་བཤད་གྲྭ་དང་། སློབ་གྲྭ་སོགས་རིག་གནས་ཀྱི་སྡེ་ཁག་ལ་ཁྱབ་པ་མ་ཟད། དམངས་ཁྲོད་དུའང་ས་དར་རྡོ་དར་ཟེར་བ་བཞིན་ཡི་གེ་འབྲི་ཀློག་མི་ཤེས་མཁན་གྱི་རྒན་དར་གཞོན་གསུམ་གྱི་ངག་ལམ་དུའང་དར་ཁྱབ་ཤིན་ཏུ་ཆེ་བར་གྱུར་ཡོད།

 

    གཞན་ཡང་བསྒྱུར་རྩོམ་གྱི་སྐོར་ནི རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ནང་དུ་བཞུགས་པའི་རྡོ་རྗེ་ཕུར་པ་རྩ་བའི་རྒྱུད་བིདྱོཏྟ་མ་འབུམ་སྡེའི་དུམ་བུ་སློབ་དཔོན་པདྨ་འབྱུང་གནས་ཀྱི་རྒྱ་དཔེ་དང་མཐུན་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གསང་བ་རྒྱན་གྱི་བཀོད་པ་ཞེས་བྱ་བའི་རྒྱུད། འཕགས་པ་གསང་བ་ནོར་བུའི་ཐིག་ལེ་ཞེས་བྱ་བའི་རྒྱུདའཕགས་པ་རྡོ་རྗེ་ས་འོག་གི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ་ལེའུ་ཉི་ཤུ་རྩ་ལྔ་པ། རྡོ་རྗེ་ཕུར་པ་རྩ་བའི་རྒྱུད་ཀྱི་དུམ་བུ། དཔལ་རྡོ་རྗེ་སྙིང་པོ་རྒྱན་རྒྱུད་ཀྱི་རྒྱལ་པོ་ཆེན་པོ། རྡོ་རྗེ་ས་འོག་གི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ་ལེའུ་ཉི་ཤུ་རྩ་ལྔ་པ། ཀུན་དུ་རྒྱུ་སེན་རིངས་ཀྱིས་ཞུས་པ་ཤོ་ལོ་ཀ་སུམ་བཅུ་རྩ་བདུན་པ། བྱམས་པའི་མདོ་ལ་སོགས་པ་རྒྱལ་བའི་བཀའ་བོད་བསྒྱུར་མཛད་པ་དུ་མ་མཇལ་རྒྱུ་ཡོད་པ་དང་བསྟན་འགྱུར་རིན་པོ་ཆེའི་ནང་དུ་བཞུགས་པའི་དེ་བཞིན་གཤེགས་པའི་མཚན་བརྗོད་བསྐལ་བཟང་རྒྱན་གྱི་ཕྲེང་བ་ཞེས་བྱ་བ། མཁས་པ་ཆེན་པོ་གྲགས་པ་རྒྱལ་མཚན་ལ་བསྟོད་པ། ཟུང་དུ་འཇུག་པ་གསལ་བ་ཞེས་བྱ་བ་དབང་གི་བྱ་བ་ཤློ་ཀ་ཕྱེད་དང་བརྒྱད་བརྒྱ་པ། ཚོགས་ཀྱི་འཁོར་ལོའི་ཆོ་ག ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུ་བྱས་པ། ཕྱོགས་ཆོས་དགུའི་འཁོར་ལོ་ལ་སོགས་པ་རྒྱ་གཞུང་བོད་བསྒྱུར་མཛད་པ་དུ་མ་སྐལ་ལྡན་རྣམས་ལ་དད་རྟེན་དུ་བཞུགས་པར་བརྟེན་བོད་ཀྱི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་ཞིག་ཀྱང་ཡིན། དེ་ཡང་ཀརྨ་བསྟན་པའི་ཉིན་བྱེད་གཙུག་ལག་ཆོས་ཀྱི་སྣང་བ་མཛད་པའི་སྡེ་དགེའི་བཀའ་འགྱུར་གྱི་དཀར་ཆག་ནང་དུ། བསྟན་པ་སྔར་དར་དུས་ཀྱི་ལོ་ཙཱ་བ་ཐོན་མི་སཾ་བྷོ་ཊ་ནས་བསྟན་པ་ཕྱི་དར་གྱི་ལོ་ཙཱ་བ་ཇོ་ནང་ཏཱ་ར་ན་ཐཱ་བར་ལོ་ཙཱ་བ་ ༢༢༢ ཙམ་གྱི་མཚན་གསལ་བའི་ནང་ནས་ཆོས་རྗེ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚནདཔལ་བཟང་པོ་འདི་ཉིད་ལོ་ཙཱ་བའི་མཚན་གྱི་རིམ་པ་༡༨༩ པ་ཡིནའདུག

 

མཐར་རབ་བྱུང་བཞི་པའི་ལྕགས་མོ་ཕག་གི་སྨལ་པོ་ཟླ་བའི་ཚེས་བཅུ་བཞིའི་ཐོ་རངས་ཕྱི་ལོ་ ༡༢༥༡ ལོར་ལན་ཀྲུའུ་གྲོང་ཁྱེར་བྱང་ཕྱོགས་སྤྲུལ་པའི་སྡེའི་གཙུག་ལག་ཁང་དུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་མཛད་དོ། །

 

ཞེས་ཆོས་རྗེ་ས་པཎ་གྱི་ཐ་སྙད་རིག་གནས་བསྡུ་སྒྲིག་ཅེས་པའི་ཕྱག་དེབ་ཀྱི་དབུ་ལ་བཀོད་ཆེད་དུ། ས་པཎ་རིག་གནས་དཔེ་ཚོགས་དེབ་ཕྲེང་བསྡུ་སྒྲིག་པས་ཕྱི་ལོ་ ༢༠༢༤ ལོའི་ཟླ་ ཚེས་ ཉིན་བྲིས།

 

 

 

 

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*