<<མ་ཡུམ་རྫོང་གསར་བཤད་གྲྭའི་མཛེས་པའི་དཔལ།>>
མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་ནས།
གངས་ལྗོངས་བསྟན་པའི་གསལ་བྱེད་ཉི་ཟླ་གཉིས། །
རྫོང་གསར་མཁན་སྤྲུལ་རྣམ་གཉིས་བྱིན་མཐུ་ལས།
མཁྱེན་བརྩེ་ནུས་པའི་འོད་ཟེར་ཕྱོགས་བཅུར་འཕྲོ། །
འཇིགས་མེད་ཐུགས་ཀྱི་དགོངས་པ་རྫོགས་གྱུར་ཅིག །
དམ་ཆོས་རྒྱ་མཚོའི་མངའ་བདག་སྐྱེས་མཆོག་རྣམས། །
འགྲོ་ཀུན་སྒྲོལ་ཕྱིར་རྟག་ཏུ་སློབ་མ་གྱུར་བར་ཤོག །
མདོ་སྔགས་བསྟན་པའི་རྒྱལ་མཚན་མཐོར་བཙུགས་ནས། །
བཤད་སྒྲུབ་ཉིན་མོར་བྱེད་པའི་བཀྲ་ཤིས་སྩོལ། །
དྲིན་ཅན་བླ་མའི་ཞབས་པད་གཙུག་ན་བཀོད། །
མཁན་སྤྲུལ་ཟུང་གི་གསུང་གི་བདུད་རྩི་མྱངས། །
རྒྱ་བོད་གཞུང་ལུགས་རྒྱ་མཚོར་ཞུགས་གྱུར་ཏེ། །
ཐོས་བསམ་སྒོམ་པའི་ནོར་བུ་ལག་ཏུ་ཐོབ། །
མ་ཡུམ་རྫོང་གསར་བཤད་གྲྭའི་དྲིན་ཆེན་གྱིས། །
གཞུང་ལུགས་སྨྲ་བའི་གྲལ་མཐར་བདག་ཀྱང་སླེབས། །
ཆོས་གྲོགས་རྣམས་ཀྱི་བྱམས་བརྩེའི་སྙིང་སྟོབས་ཀྱིས། །
རང་སེམས་ཤེས་རབ་སྒྲོན་མེ་གསལ་བར་འབར། །
ད་ནི་བཀའ་དྲིན་གཟོ་ཕྱིར་སྙིང་ནས་བརྩོན། །
མདོ་སྔགས་གཞུང་ལུགས་ཕྱོགས་མེད་ཀུན་ལ་སྦྱང་། །
ཐོས་དོན་སྒོམ་ལ་བརྩོན་པས་འཚོ་བ་ཡི། །
སྐྱེ་དགུའི་དོན་དུ་བྱང་ཆུབ་ཐོབ་པར་ཤོག །
གངས་ལྗོངས་མཐོན་པོའི་པང་དུ་འཁྱུད་པའི་གནས། །
མ་ཡུམ་རྫོང་གསར་བཤད་གྲྭ་ཡིད་ལ་འཐད། །
རྒྱལ་བའི་བསྟན་པ་དར་བའི་འཁོར་ལོ་འཁོར། །
མཁས་པའི་བྱེ་བས་གང་བའི་བསྟི་གནས་མཆོག །
ཆར་སྤྲིན་ནག་པོ་གློ་བུར་འཁྲིགས་པ་ན། །
ཟིལ་མངར་ཆར་པས་ས་གཞི་བརླན་པར་བྱེད། །
རི་ལྗོངས་ཀུན་ལ་དྭངས་པའི་གཟི་མདངས་འཕྲོ། །
བཤད་གྲྭའི་ཁོར་ཡུག་སྔར་བས་མཛེས་པར་གྱུར། །
སྐྱ་རེངས་འཆར་ཀའི་འོད་ཀྱིས་ཁྱབ་པའི་ཚེ། །
རྫོང་གསར་བཤད་གྲྭའི་རྩེ་མོ་གསེར་དུ་སྣང་། །
ཆར་རྗེས་འཇའ་ཚོན་སྣ་ལྔས་བརྒྱན་པ་ན། །
ལྷ་ཡུལ་ས་ལ་བབས་པ་ཇི་བཞིན་མཛེས། །
སློབ་གཉེར་བ་རྣམས་དཔེ་ཆར་གཞོལ་བའི་སྒྲ། །
དྷིཿ དབྱངས་རྩོད་པའི་སྒྲ་དབྱངས་མཐོན་པོར་སྒྲོག །
ཆོས་ཀྱི་སྒྲ་དབྱངས་ཆར་གྱི་སྒྲ་དང་མཉམ། །
འདྲེས་པས་ཚངས་པའི་དབྱངས་ལྟར་སྙན་པར་གྲགས། །
མ་ཡུམ་རྫོང་གསར་ཤེས་རིག་དཔལ་གྱི་གནས། །
ཆར་པས་བསིལ་བའི་དྲི་བསུང་ཁྱབ་པའི་སྐབས། །
བསྟན་པའི་སྒྲོན་མེ་གསལ་བར་འབར་བ་ཡི། །
རྣམ་དཀར་དགེ་བའི་མཛད་པ་ཕྱོགས་བཅུར་འཕྲོ། །
མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་ཀྱིས་མགྲིན་ལག་ཟུང་ནས་ཐལ། ༢༠༢༥/༤/༡༠/༩/༤༥
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།