གཏོར་མ་རྒྱུད་ཁུངས་དང་དེ་ཕྱག་ལེན་གྱི་གནས་བབ་ལ་དཔྱད་པ།

གཏོར་མ་རྒྱུད་ཁུངས་དང་དེ་ཕྱག་ལེན་གྱི་གནས་བབ་ལ་དཔྱད་པ།

རྩོམ་པ་པོ།འདན་མའི་ལྷ་མདའ།
སྤྱིར་བོད་བརྒྱུད་ནང་བསྟན་གྱི་ལུགས་སུ་གཏོར་མ་བཟོ་བའི་སྲོལ་ཆོས་བརྒྱུད་སོ་སོ་ཐུན་མོང་མ་ཡིན་པའི་ལུགས་སུ་དར་བཞིན་པ་འདི་བཞིན་ཡིན་ཡང་།རྒྱུད་སྡེ་ཁག་ཏུ་གཏོར་མ་ཞེས་པ་ལས་གཏོར་མ་བཟོ་དབྱིངས་ཀྱི་སྐོར་མཐོང་དུ་མེད་པའི་ཚད་དུ་ཡིན།ཡིན་ན་ཡང་གཏོར་མ་ནི་རྒྱུད་སྡེ་ཁག་ཏུ་ཤིན་ཏུ་གསལ་བ་གསུངས་ཡོད་ལ།མདོའི་ལུགས་སུའང་སངས་རྒྱས་ཀྱིས་འཇུར་གེགས་ཅན་ལ་ཆུ་སྦྱིན་པ་དང།ཛམྦྷ་ལ་ལ་ཆུ་སྦྱིན་པ་དང།ཁ་འབར་མ་ལ་གཏོར་མ་སྦྱིན་པ།འཕྲོག་ལ་ཆང་བུ་སྦྱིན་པར་གསལ་བོ་གསུངས་ཡོད་ཀྱང།དེའི་ཆོ་གའི་རྣམ་གཞག་ནི་མདོ་ལུགས་ལ་ཇི་བཞིན་མེད་ཀྱང་རྒྱུད་སྡེ་ཁོ་ནའི་ཁྱད་ཆོས་ཡིན།
ཕྲན་གྱི་ལོ་ངོ་དྲུག་ལྷག་གི་རིང་ལ་རྒྱུད་སྡེ་དུ་མ་མཇལ་བ་དང་དེའི་ནང་ནས་རྐྱེ་རྡོར་རྩ་རྒྱུད་ཁག་མཇལ་བའི་བརྒྱུད་རིམ་ལ་རྒྱུད་སྡེ་དེ་དག་ལས་གཏོར་མའི་སྐོར་ཇི་ལྟར་གསལ་བ་རྣམས་ཁུངས་ལུང་འགོད་པ་དང་།དེ་ཉིད་ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱིས་གཏོར་ཆོག་གི་གནས་འབབ་ལ་ཚན་པ་སྤྱིའི་དོན་དྲུག་ཏུ་བགོས་ནས་བྲི་བ་ལ།སྤྱིའི་དོན་ཚན་དྲུག་དང་དེའི་ནང་བགོས་ན་དོན་ཚན་བཅུ་དྲུག་གིས་ཆོ་ག་དེའི་གོ་རིམ་གྱི་གནས་འབབ་ཀྱི་གོ་བ་ཡང་རྙེད་ཐུབ།
1.རྩ་རྒྱུད་ལས་གཏོར་མ་བསྟན་ཚུལ།
2.གཏོར་མ་གང་དུ་གཏང་བའི་གནས།
3.གཏོར་མ་ནམ་གཏོང་བའི་དུས།
4.གཏོར་མ་གང་གཏོང་བའི་ཡོ་བྱད།
5.གཏོར་མ་ཇི་ལྟར་གཏོང་བའི་ཆོ་ག
6.གཏོར་མ་གཏང་བའི་ཕན་ཡོན་བཅས་དྲུག་གོ།
སྤྱི་དོན་དང་པོ།རྩ་རྒྱུད་ལས་གཏོར་མ་བསྟན་ཚུལ།
གཏོར་མ་ཞེས་པ་འདི་ལེགས་སྦྱར་སྐད་དུ་“བ་ལི་”ཞེས་པ་དེ་ཡིན་ཞིང་།དེའི་དོན་སློབ་དཔོན་པདྨ་མས།“མི་འཛིན་གཏོང་བས་གཏོར་ཞེས་བྱ།།ཡོངས་ལ་ཁྱབ་པས་མ་ཞེས་བྱ།།”ཞེས་གསུངས་པ་ལྟར་སེམས་ལ་ཆགས་འཛིན་གཏོང་བས་ན་གཏོར་དང་།ཟན་གོང་དེ་རྣམས་མགྲོན་རྣམས་ཀྱི་སྤྱན་ལམ་དུ་ཁྱབ་པ་ན་“གཏོར་མ་”ཞེས་པའི་དོན་དང་ཚིག་དེའི་དོན་ཡང་དེ་ཉིད་དུ་ཡིན་པར་སེམས།དེ་ལྟ་བུ་གཏོར་མ་ཞེས་པ་དེ་<<རྩ་རྒྱུད་བརྟག་གཉིས་བརྟག་པོ་དང་པོ་ལེའུ་གཉིས་པ་>>ལས། “ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨྰདྱ་ནུཏྤནྣ་ཏྰཏ་ཨོཾ་ཨྰཿཧཱུྃ་ཕཊ་སྭཱ་ཧྰ།འབྱུང་པོ་ཐམས་ཅད་ཀྱི་གཏོར་མའི་སྔགས་སོ།།”ཞེས་པའི་སྐབས་གཏོར་མའི་སྔགས་བསྟན་པ་དང་།
ཡང་<<རྩ་རྒྱུད་བརྟག་གཉིས་བརྟག་པ་གཉིས་པ་ལེའུ་བཞི་པ་>>ལས། “བགེགས་དང་ལོག་པར་འདྲེན་པ་ལས།།སེམས་ཅན་རྣམས་ཀྱི་སྲོག་བསྲུང་ཕྱིར།།རྡོ་རྗེ་སེམས་དཔས་གཏོར་མ་བསྟན།།”ཞེས་པ་འདིས་གཏོར་མམ་བསྟན་པ་དང་དེའི་ཕན་ཡོན་ཡང་བསྟན་ནོ།།དེ་གཉིས་ནི་རྩ་རྒྱུད་བརྟག་གཉིས་ལས་གཏོར་མ་བསྟན་པའི་ལུང་ཁུངས་ཡིན་པ་དང༌། ཡང་བཤད་རྒྱུད་ཐུན་མོང་མ་ཡིན་པའི་<<རྡོ་རྗེ་གུར་>>ལས།
“དེ་ནས་རྡོ་རྗེ་འཛིན་པའི་རྒྱལ་པོ།མཁའ་འགྲོ་མ་རྡོ་རྗེ་གུར་རྡོ་རྗེ་གུར་གྱི་ཏིང་ངེ་འཛིན་ལ་ཞུགས་ཏེ།འབྱུང་པོ་ཆེན་པོའི་གཏོར་མ་གསུངས་པ།”ཞེས་པ་དེས་བཤད་རྒྱུད་རྡོ་རྗེ་གུར་ལས་ཀྱང་གཏོར་མ་བསྟན་པས་ཀྱེ་རྡོར་རྒྱུད་ལས་གཏོར་མ་བསྟན་པའི་ཁུངས་དེ་དག་ཡིན་ནོ།།
སྤྱི་དོན་གཉིས་པ། གཏོར་མ་གང་དུ་གཏང་བའི་གནས།
སྐྱེ་བོའི་རྒྱུ་འགྲུལ་དང་ཅ་ཅོ་ཆེ་བ་དང་།སྡིག་སྤྱོད་དང་མི་གཙང་བའི་གནས་མ་ཡིན་པ་
རང་གི་ཁྱིམ་དང་།རྟེན་ཁྱད་པར་བའི་མདུན་དང་།དུར་ཁྲོད་ལ་སོགས་པ་རྣམས་ཡིན་ནོ།།
སྤྱི་དོན་གསུམ་པ། གཏོར་མ་གཏང་བའི་དུས།
རྒྱུན་གྱི་དུས་ནི།བསྙེན་མཚམས་སོགས་མཉམ་གཞག་རྣལ་འབྱོར་གྱི་ཐུན་མཇུག་དང་།ཁྱད་པར་གྱི་དུས་ནི།ཚེས་བརྒྱད་དམ་བཅུ་བཞི།ཚེས་ཉེར་གསུམ་དང་ཚེས་ཉེར་དགུ་བཅས་དང།གཉིས་ཀའི་བཅུ་ལ་སོགས་པ་ཡིན་ནོ༎
སྤྱི་དོན་བཞི་པ།གཏོར་མའི་རྫས།
བཟའ་རྒྱུ་རྫས་ཀྱི་རིགས་དང༌།བཏུང་རྒྱུ་ཆུའི་རིགས་དང་།ཁྱད་པར་སྐུ་འབག་ཅན་ཏེ་སྤྱིར་གཏོར་མའི་རྫས་ལ་ཆུ་རྐྱང་པས་ཟན་རྫིས་ནས་གཏོར་མ་བཟོ་མི་རུང་བ།དཀར་གསུམ་དང་མངར་གསུམ་སྦྱར་དགོས་ཤིང་།བླ་མེད་ཀྱི་གཏོར་མ་ལ་དེའི་སྟེང་ཤ་ལྔ་དང་བདུད་རྩི་ལྔ་སོགས་སྦྱར་ནས་གཏོར་མ་བཅའ་དགོས།
སྤྱི་དོན་ལྔ་པ།གཏོར་མ་གཏང་བའི་ཆོ་ག་ལ་བཞི།
རྫས་ཀྱི་ཏིང་ངེ་འཛིན་དང་།མགྲོན་གྱི་ཏིང་ངེ་འཛིན་དང་།གཏོར་མ་འབུལ་ཚུལ་དང་།མཇུག་གི་ཆོ་ག་བཅས་བཞི་ཡོད།
དང་པོ།རྫས་ཀྱི་ཏིང་ངེ་འཛིན་ལ།བསང་བ།སྦྱོང་བ།བསྐྱེད་པ།བྱིན་གྱིས་བརླབས་པའོ།།
དང་པོ།བསང་བ་ནི།
“ཨོཾ་བཛྲ་ཨ་མི་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱཧྰ།”ཞེས་པས་གཏོར་མ་ལ་བགེགས་རྣམས་གནས་སྲིད་པས་བགེགས་དེ་རྣམས་བསང་བར་བྱེད་པ་ལ་བདུད་རྩི་འཁྱིལ་བའི་སྔགས་དེ་བརྗོད་པས་དེ་བསང་དགོས་པ་ཡིན་ནོ།།
གཉིས་པ།སྦྱོང་བར་བྱེད་པ་ནི།
“ཨོཾ་སྭ་བྷཱ་ཝ་ཤུདྡྷསྭཱབྷ་ཝ་ཤུདྷོཉཧཾ།”གིས་མཆོད་ཁྲིའི་སྟེང་དུ་བཤམ་པའི་གཏོར་མ་རྣམས་སྔགས་དེ་བརྗོད་པས་སྟོང་པ་ཉིད་དུ་སྦྱང་པ་དགོས་ཡིན་ནོ།།
གསུམ་པ།བསྐྱེད་པ་ནི།
“སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུ་བདུངས་པ་ལྟ་བུ་བ་དན་གྱིས་མཚོན་པ།”ཞེས་སོགས་ནས།
“རྡོ་རྗེ་ཉི་མ་ཨོཾ་དང་བཅས་པ་ཐོད་པའི་ནང་དུ་ལྷུང་བ་འོད་དུ་ཞུ་ནས་སྔར་གྱི་བདུད་རྩི་རྣམས་དང་གཉིས་སུ་མེད་པར་གྱུར་ཏེ་ཁ་དོག་དང་དྲི་དང་རོ་དང་ནུས་པ་ཕུན་སུམ་ཚོགས་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར།”ཞེས་པའི་བར་དུ་གཏོར་མ་དེ་ཉིད་སྟོང་པའི་ངང་ལས་གཏོར་མ་རྣམས་བསྐྱེད་པ་དགོས་པ་ཡིན་ནོ།།
བཞི་པ།བྱིན་གྱིས་བརླབས་པ་ནི།
“ཨོཾ་ཨྰཿཧཱུྃ་ཧ་ཧོ་ཧྲཱིཿ”ཞེས་པས་གཏོར་མ་ལ་བྱིན་གྱིས་བརླབས་པ་ཡིན།
གཉིས་པ།མགྲོན་གྱི་ཏིང་ངེ་འཛིན་ལ་བཞི།བསྐྱེད་པ་དང་།དགུག་པ།བྱིན་གྱིས་བརླབས་པ།དབང་བསྐུར་བ་བཅས་བཞི་ལས།
དང་པོ།བསྐྱེད་པ་ནི།
“གཏོར་མའི་སྟེང་གི་ནམ་མཁར་ཨེ་ཨེ་ཨེ་ལས་ཆོས་ཀྱི་འབྱུང་གནས་གྲུ་གསུམ་སུམ་བརྩེགས་ཀྱི་ནང་དུ་པཾ་པཾ་པཾ་ལས་པདྨ་འདབ་བརྒྱད་རེ་རེ།”ཞེས་པ་ནས།“འབྱུང་པོ་ཉེར་བཞི་པོ་འདི་དག་ཐམས་ཅད་པདྨ་དང་ཉི་མའི་གདན་ལ་གཡས་བརྐྱང་གི་སྟབས་ཀྱིས་བཞུགས་པ་རུས་པའི་རྒྱན་གྱིས་བརྒྱན་པ།”ཞེས་པའི་བར་གཏོར་མ་འབུལ་ཡུལ་འབྱུང་པོ་བརྒྱུད་གསུམ་ཉི་ཤུ་རྩ་བཞི་རྣམས་བསྐྱེད་པ་ཡིན།
གཉིས་པ།དགུག་པ་ནི།
“རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་སྟེང་གི་ལྷ་ཐམས་ཅད་ལྷ་ཆེན་བརྒྱད་ལ་ཐིམ།ས་སྟེང་ན་གནས་པའི་སེམས་ཅན་ཐམས་ཅད་ཕྱོགས་སྐྱོང་བརྒྱད་ལ་ཐིམ།ས་འོག་ན་གནས་པའི་སེམས་ཅན་ཐམས་ཅན་ཀླུ་ཆེན་བརྒྱད་ལ་ཐིམ།”ཞེས་པ་དེས་ས་སྟེང་དང་ས་འོག་དང་ས་བླ་སྟེ་སེམས་ཅན་ཐམས་ཅད་འབྱུང་པོ་ཉེར་བཞི་ལ་དགུག་པ་ཡིན།
གསུམ་པ།བྱིན་གྱིས་བརླབས་པ་ནི།
“དེ་ཐམས་ཅད་ཀྱི་མིག་ཏུ་གཏི་མུག་རྡོ་རྗེ་མ།རྣ་བར་ཞེ་སྡང་རྡོ་རྗེ་མ།སྣ་ལ་སེར་སྣ་རྡོ་རྗེ་མ།ཁ་ལ་འདོད་ཆགས་རྡོ་རྗེ་མ།ལུས་ལ་ཕྲག་དོག་རྡོ་རྗེ་མ།ཡིད་ལ་བདག་མེད་རྣལ་འབྱོར་མ།སྤྱི་བོར་སྐུ་རྡོ་རྗེ་མ།མགྲིན་པར་གསུང་རྡོ་རྗེ་མ།ཐུགས་ཀར་ཐུགས་རྡོ་རྗེ་མ།”ཞེས་པ་དེས་དེ་རྣམས་བསྐྱེད་མཆེད་དྲུག་དང་གནས་གསུམ་བྱིན་གྱིས་བརླབས་པ་ཡིན་ནོ༎
བཞི་པ།དབང་བསྐུར་བ་ནི།
“རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱེ་རྡོ་རྗེ་ལྷ་དགུ་སྐུ་གསུང་ཐུགས་རྡོ་རྗེའི་ལྷ་ཚོགས་དང་བཅས་པའི་རྣམ་པར་ཨོཾ་བཛྲ་ས་མྰ་ཛཿ”ཞེས་སོགས་ནས།“གསུང་རྡོ་རྗེ་ཀླུ་ཆེན་བརྒྱད་དང་བཅས་པ་ལ་འོད་དཔག་མེད་ཀྱིས་དབུར་བརྒྱན།”ཞེས་པ་དེས་དབང་བསྐུར་བ་དང་རིགས་བདག་རྒྱས་གདབ་པ་ཡིན།
གསུམ་པ།གཏོར་མ་འབུལ་ཚུལ་ལ་བཞི།གཏོར་མ་གཏང་བ།མཆོད་པ།བསྟོད་པ། ཕྲིན་ལས་བཅོལ་བ་བཅས་བཞི་ལས།
དང་པོ།གཏོར་མ་གཏང་བ་ནི།
“ༀ་བྷ་ག་ཝྰན་མཧཌྷ་ཀ་རུ་ཎི་ཀ་ཧེ་བཛྲ་ས་པ་རི་ཝྰ་ར་ཨོཾ་ནྟི་ཎི་ཧཱུྃ་སྭཱཧྰ།ཨོཾ་བཛྲ་ནི་ཝི་ཏི་ཧཱུྃ་ཁཾ་སྭཱཧྰ།ཨོཾ་སརྦ་སཾ་ཤོ་དྷ་ནི་སྭཱཧྰ།ཨོཾ་ཛཿཧཱུྃ་བྃ་ཧོཿཥཾ་རཾ་མཧྰ་མཉྙཾ་པྲ་ཏཱིཙྪ་སྭཱ་ཧྰ།”ཞེས་པས་མཆོད་པ་དང་།“ཨོཾ་བྷ་ག་ཝཱན་མཧྰ་ཀ་རུ་ཎི་ཀ་ཧེ་བཛྲ་ས་པ་རི་ཝྰ་ར་ཨོཾ་ཨིནྡ།ཛ་མ་ཛ་ལ།ཞེས་པ་ནས།ཕེ་ཎ་གཱ་ད།”ཞེས་པ་དེས་གཏོར་མ་གཏང་བ་ཡིན།
གཉིས་པ།མཆོད་པ་ནི།
དེ་ནས་ཕྱི་མཆོད་ལ།“ཨོཾ་བཛྲ་པུཥྤ་ཨྰཿཧྰུྃ།”ཞེས་སོགས་ནས།“ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ།”ཞེས་པའི་བར་ཡིན།དེ་ནས་ནང་མཆོད་ལ།“ཧཱུྃ་ཨཾ་གཾ་ཙཾ་བཾ་གྷོ་པཾ་ལོ་ཌ་ཨོཾ་ཨྰཿཧྰུཾ།ཀྱེ་རྡོ་རྗེ་ལྷ་དགུ་སྐུ་གསུང་ཐུགས་རྡོ་རྗེའི་ལྷ་ཚོགས་དང་བཅས་པའི་ཞལ་དུ་མཆོད་པ་དམ་པ་འབུལ་ལོ།།”ཞེས་པའི་བར་ཡིན།
དེ་ནས་གསང་བའི་མཆོད་པ་ལ།“དཀར་མོ་རི་དྭགས་མཚན་མ་འཛིན།།ཆོམ་རྐུན་བདུད་ལས་རྒྱལ་བའི་སྣོད།།”ཅེས་པ་ནས།གཡུང་མོས་སྐུ་ལ་འཁྱུད་པ་ཉིད།།ཅེས་པ་དེས་ཕྱི་ནང་གསང་གསུམ་གྱིས་མཆོད་པ་ཡིན།
གསུམ་པ།བསྟོད་པ།
“ཁྱོད་ནི་རྣལ་འབྱོར་མ་ཚོགས་ཡོངས་སུ་བསྐོར།།”ཞེས་པ་ནས།“ཧེ་རུ་ཀ་དཔལ་རྡོ་རྗེ་ཡིད་ཀྱིས་དགེས།།”ཞེས་པའི་བར་སྐུ་གསུམ་ཡན་ལན་བདུན་ལྡན་གྱི་བསྟོད་པ་དང་།“མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ།།”ཞེས་པ་ནས།“སྣ་ཚོགས་མཁའ་འགྲོར་ཕྱག་འཚལ་བསྟོད།།”ཅེས་པའི་བར་རྒྱལ་བ་རིགས་ལྔ་ལ་བསྟོད་པ་ཡིན་ནོ།།
བཞི་པ།ཕྲིན་ལས་བཅོལ་བ།
“ལྷ་ཆེན་བརྒྱད་པོ་འཁོར་དང་བཅས།།”ཞེས་པ་ནས།“ཡིད་ལ་འདོད་པ་ཀུན་འགྲུབ་མཛོད།།”ཅེས་པ་དེས་ཕྲིན་ལས་བཅོལ་བ་ཡིན།
སྤྱི་དོན་བཞི་པ།
མཇུག་གི་ཆོ་ག་ལ།རྡོ་རྗེའི་གླུ་ད་བཀྲ་ཤིས་ཀྱིས་བྱིན་དབབ་པ། དངོས་གྲུབ་བླངས་ལ་སྨོན་ལམ་གདབ་པ།བཟོད་པར་གསོལ་ནས་གཤེགས་སུ་གསོལ་བ།བདག་ཉིད་བསྲུངས་ནས་གཏོར་མ་དོར་བ་བཅས་བཞི་ལས།དང་པོ།རྡོ་རྗེའི་གླུ་ད་བཀྲ་ཤིས་ཀྱིས་བྱིན་དབབ་པ།
“ཀོལླ་ཨི་རེཊ་ཋི་ཨ་བོ་ལ།ཞེས་པ་ནས།ཌིཎྜི་མ་ཏ་ཧིནྣ་བཱ་ཛྫི་ཨ་ཨི།”ཞེས་པའི་རྡོ་རྗེའི་བླངས།“ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ།།ཞེས་པ་ནས།དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པ་ཡིན།།”ཞེས་པའི་བར་བཀྲ་ཤིས་བརྗོད་པ་ཡིན།
གཉིས་པ།དངོས་གྲུབ་བླངས་ལ་སྨོན་ལམ་གདབ་པ།
“བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ།”ཞེས་པས་བསྟན་པ་དང་།གསུམ་པ།བཟོད་པར་གསོལ་ནས་གཤེགས་སུ་གསོལ་བ།“མ་འབྱོར་བ་དང་ཉམས་པ་དང་།།གང་ཡང་བདག་རྨོངས་བླ་ཡིས་ནི།།བགྱིས་པ་དང་ནི་བགྱིས་སྩལ་བ།།དེ་ཀུན་མགོན་པོས་བཟོད་པར་མཛོད།།”ཅེས་པ་ནས།““སླར་ཡང་འབྱོན་པར་མཛོད་དུ་གསོལ།།”ཞེས་པས་བསྟན་པ་དང༌།
བཞི་པ།བདག་ཉིད་བསྲུངས་ནས་གཏོར་མ་དོར་བ།
“ཨོཾ་སརྦ་ཏ་ཐྰ་ག་ཏ་ཀཱ་ཡ་ཝཱཀྐ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨྰཏྨ་ཀོཉཧཾ།”ཞེས་པ་དང་།མཇུག་ཏུ་བཀྲ་ཤིས་དང་བསྔོ་བ་སྨོན་ལམ་བཏོན་ནས་གཏོར་མ་དོར་དགོས་པ་ཡིན་ནོ།།
སྤྱི་དོན་དྲུག་པ།གཏོར་མ་གཏང་བའི་ཕན་ཡོན་ནི།
<<རྩ་རྒྱུད་བརྟག་གཉིས་>>ལས།
“བགེགས་དང་ལོག་པར་འདྲེན་པ་ལས།།
སེམས་ཅན་རྣམས་ཀྱི་སྲོག་བསྲུང་ཕྱིར།།
རྡོ་རྗེ་སེམས་དཔས་གཏོར་མ་བསྟན།།”ཞེས་པ་སྟོན་པ་རྡོ་རྗེ་འཆང་གིས་གཏོར་མ་གསུངས་པའི་རྒྱུ་མཚན་ནི།
<<རྒྱུད་ཀྱི་རྒྱལ་པོ་དཔལ་ཀྱེ་རྡོ་རྗེའི་འགྲེལ་པ་དག་ལྡན་>>ལས། “རིས་ཕན།རེས་གནོད་པ་བྱེད་པའི་བགེགས་དང།རྣམ་པ་ཀུན་ཏུ ་གནོད་པར་བྱེད་ལོག་པར་འདྲེན་པ་ལས།སེམས་ཅན་རྣམས་ཀྱི་སྲོག་བསྲུང་བར་བྱ་བའི་ཕྱིར།སྟོན་པ་རྡོ་རྗེ་སེམས་དཔས་གཏོར་མའི་ཆོ་ག་བསྟན་པ་ཡིན་ནོ། །”ཞེས་གསུངས་སོ།།
དེ་ནི་ས་སྐྱ་པའི་ལུགས་ཀྱིས་གཏོར་བསྔོ་གཏོང་བཞིན་པའི་ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་<<དཔལ་ནག་པོ་ཆེན་པོའི་གཏོར་ཆོག་དང་བསྐང་གསོ་>>ཞེས་པའི་ཆོ་ག་དེའི་གོ་རིམ་གྱི་གནས་འབའ་བསྟན་པ་བཞིན་བྲིས་པའོ།།
འདན་མའི་ལྷ་མདའ་པས་གསང་ཆེན་རྒྱུད་གྲྭ་ནས་ཕྱི་ལོ་༢༠༢༥ཕྱི་ཟླ་༡ཕྱི་ཚེས་༢༠ཉིན་བྲིས་པའོ།།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*