མཻ་སོར་ཙ་མུནྟྲིའམ་ལྷ་མོ་ནག་པོའི་ལོ་རྒྱུས་སྙིང་བསྡུས།
མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་ནས།
རྒྱ་གར་ལྷོ་ཕྱོགས་སུ་མེ་སོར་ཕྱོགས་སུ་ཙ་མུནྟྲི་ཞེས་པའི་བོད་རྒྱ་གཉིས་ཀྱི་གནས་གཅིག་ལ་ངོས་ཟིན་འདུག སྤྱིར་བཏང་། གནས་འདིའི་མིང་ལ། ཙ་མུནྟྲི། ཙ་མུན་ཏྲ། ཙ་མུན་ཊ་ཞེས་ལེགས་སྦྱར་མིང་བྲིས་སྟངས་མི་འདྲ་བ་གསུམ་ཙམ་ཡོད་པ་མ་ཟད། གོ་དོན་ཡང་མི་འདྲ་བ་མང་པོ་འདུག གནས་འདིའི་ལོ་རྒྱུས་ཡང་བཤད་སྲོལ་གསུམ་ཙམ་འདུག རྒྱ་གར་ལོ་རྒྱུས། ཧིན་ཏུའི་ལོ་རྒྱུས། རྒྱ་གར་ནང་པ་དང་ཁྱད་པར་དུ་བོད་པས་ངོས་འཛིན་གནང་སྟངས་བཅས་ལས་དང་པོ། རྒྱ་གར་ལོ་རྒྱུས་ལས་རྒྱ་གར་གྱི་ལྷ་ཆེན་ཤི་ཝའི་ཆུང་མ་གསུམ་ཡོད་པའི་ནང་ནས་གཅིག་གི་མིང་ཡིན་པ་དང་། ཆུང་མ་ཙ་མུན་ཏྲ ( Chamunda) ཞེས་པ་དེ་རེད་འདུག བཙུན་མོ་ཙ་མུན་ཏྲ་ནི་ཐབས་ཤེས་ཅན་དང་ཧ་ཅང་དྲག་པོའི་རྩལ་ཡོད་མཁན། འབངས་མི་རྣམས་ལ་བྱམས་སྐྱོང་ཅན་ཡིན་པའི་ཕྱིར་ན་བཙུན་མོ་ཙ་མུན་ཏྲ་འདས་པའི་རྗེས་སུ་རྒྱལ་པོ་དང་འབངས་མི་ཚོས་གནས་འདིར་བཙུན་མོ་རྗེས་དྲན་ཕྱིར་དུ་ལྷ་ཁང་བཞེངས་གནང་བ་དང་ལྷ་འདྲ་རྩིས་སྲོལ་ད་ལྟའི་བར་དུ་བྱུང་བ་རེད་འདུག
བཤད་སྲོལ་གཉིས་པ་ནི་ཧིན་ཏུའི་ཆོས་ལུགས་ནང་དུ་ཙ་མུན་ཊ་ཞེས་པའི་ནི་ཧིན་ཏུའི་ཆོས་ལུགས་ཀྱི་ལྷ་མོ་དྲག་མོ་ཞིག་ཡིན་པ་དང་། དུར་ཁྲོད་ཀྱི་ལྷ་མོ། མ་ནག་མོ་སྟེ་ཀཱ་ལཱི་ལྷ་མོའི་རྣམ་པ་ཞིག་ཏུའང་བརྩི། ཁོང་ནི་ལྷ་མོ་དུར་ག་ (Durga) ཡི་རྣམ་པ་ཁྲོ་བོའི་ཆ་ཞིག་ཀྱང་ཡིན་པ་བཤད་ཀྱི་འདུག དེ་བཞིན་དུ་རྒྱ་གར་གྱི་ལྷ་ཆེན་ཤི་ཝའི་ཆུང་མ་གཙོ་བོ་གསུམ་ནི། པར་ཝ་ཏི་ (Parvati) དང་། ཀཱ་ལཱི་ (Kali)། ཙ་མུན་ཏྲ་ (Chamunda) བཅས་ཡིན་པ་ཡང་བཤད་འདུག
དེ་ཡང་ཆུང་མ་རེ་རེར་ནུས་པ་དང་ཁྱད་ཆོས་མི་འདྲ་བ་རེ་རེར་་ཡོད་པ་དང་། ཙ་མུན་ཏྲ་ནི་དྲག་མོའི་རྣམ་པ་ཅན་གྱི་ལྷ་མོ་ཞིག་ཡིན་པས་སྲུང་སྐྱོབ་དང་དགྲ་བགེགས་ཚར་གཅོད་ཀྱི་ནུས་པ་ཆེན་པོ་ཡོད་པར་བརྩི་བཞིན་ཡོད། རྒྱ་གར་གྱི་མངའ་སྡེ་འགའ་ཤས་ཀྱི་ནང་དུ་ལྷ་མོ་འདི་ལ་དམིགས་བསལ་གྱི་གུས་བཀུར་ཞུ་བཞིན་ཡོད་པ་བཤད་བཞིན་འདུག།
བཤད་སྲོལ་གསུམ་པ་ནི་གཙོ་དེ་རྒྱ་གར་ལྷོ་ཕྱོགས་སུ་མེ་སོར་ས་གནས་སུ་ཙ་མུན་ཏྲ་(Chamunda)ཞེས་པའི་ས་ཆ་འདི་ནང་པའི་ཆོས་ལུགས་ནང་བདེ་མཆོག་(Chakrasamvara)གི་གནས་ཡིན་པའི་ལོ་རྒྱུས་བཤད་སྲོལ་ཡོད་འདུག རྒྱ་གར་ནང་པའི་ལོ་རྒྱུས་ལས་བདེ་མཆོག་གི་གནས་ཡིན་པར་ངོས་འཛིན་གནང་བཞིན་འདུག ཁྱད་པར་དུ་(Chakrasamvara) ཙ་མུནྟྲི་ཞེས་པ་ནི་རྡོ་རྗེ་ཐེག་པའི་གསང་སྔགས་ཀྱི་ལྷ་ཞིག་ཡིན་པར་ངོས་འཛིན་དང་། ལྷ་མོ་རྡོ་རྗེ་ཕག་མོ་དང་ཡབ་ཡུམ་དུ་ཞལ་སྦྱོར་བའི་རྣམ་པ་ཅན་ཞིག་ཡིན། བདེ་མཆོག་དང་ཙ་མུན་ཏྲ་གཉིས་ནི་ནང་པ་དང་ཧིན་ཏུ་ཆོས་ལུགས་མི་འདྲ་བ་གཉིས་ཀྱི་ལྷ་ཡིན་པས་གཞི་རྩའི་ཆ་ནས་གནས་གཅིག་ཡིན་པར་ངོས་འཛིན་གནང་སྟངས་གཅིག་པ་འདྲ་རེད་འདུག བོད་པ་ཚོས་བདེ་མཆོག་ཅེས་པ་ནི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ལྷ་དང་ཡི་དམ་ལྷ་ཞིག་གི་གནས་གཅིག་ལ་ངོས་འཛིན་འདུག
དེ་བཞིན་དུ་བོད་ཀྱི་གཏེར་སྟོན་མང་པོས་རྒྱ་གར་ལྷོ་ཕྱོགས་སུ་བདེ་མཆོག་གི་གནས་ཆེན་ཡོད་པ་གསུངས་ཡོད།
དེ་ཡང་ནང་པའི་གསང་སྔགས་ཀྱི་གནས་ཆེན་ཡིན་པར་ངོས་འཛིན་གནང་འདུག བདེ་མཆོག་གི་རྩ་རྒྱུད་ནང་གནས་ཉེར་བཞིའི་ནང་དུ་ཙ་མུན་ཏྲ་ཡང་ཚུད་ཡོད་པར་བཤད་བཞིན་འདུག
ལེགས་སྦྱར་ཟེར་ན་འདྲ་སཾསྐྲྀཏའི་ནང་ཙ་མུན་ཏྲ(Chamunda) ཡི་ཐ་སྙད་དེ་ཡང་ཙམུ (Chamu) དང་ཨུན་ཏྲ(Unda) ཞེས་པ་གཉིས་ལས་གྲུབ་པ་ཡིན། སཾསྐྲྀཏའི་ནང་ཙམུ་ནི་འཐུང་བ་(to drink/consume) ཞེས་པའི་དོན་ཡིན་པ་བཤད་འདུག
བོད་སྐད་ཐོག་ནས་ཙ་མུན་ཏྲ་ཞེས་པ་ནི་བོད་སྐད་དུ་ལྷ་མོ་ནག་མོ་ཞེས་ཟེར་འདུག དེ་ཡང་ཙ་ནི་ལྷ་མོ་དང་། མུན་ཏྲ་ནི་ནག་པོ་ཞེས་པའི་དོན་ཡིན་ཚུལ་བཤད་འདུག ལྷ་མོ་ནག་པོ་ཞེས་ཟེར། ཡང་བཤད་སྲོལ་གཞན་ལ་བོད་སྐད་དུ་ཙ་མུན་ཏྲ (Chamunda) ལ་ལྷ་མོ་དུད་སོལ་མ་ཞེས་འབོད་བཞིན་འདུག ལྷ་མོ་འདིའི་རྣམ་པ་ནག་མོ་དུད་སོལ་ལྟ་བུ་ཡིན་པ་ལས་བྱུང་བ་ཞིག་བཤད། ཡང་ཁ་ཅིག་གིས་ལྷ་མོ་ནག་མོ་ཞེས་པ་དེ་ཡང་གསང་སྔགས་ཀྱི་གཞུང་འགའ་ཞིག་ནང་དུ་དྲག་མོ་ཙ་མུན་ཏི་ཞེས་ཀྱང་བཤད་སྲོལ་དང་རྩ་རྒྱུད་དང་བསྟན་བཅོས་སོགས་ཀློག་སྐབས་སུ་ཙ་མུན་ཏྲ་ལྷ་མོའི་སྐོར་ལ་འབྲེལ་བ་ཆེན་ཡོད་པ་བཅས་ལོ་རྒྱུས་སྙིང་བསྡུས་སོ།
གདོང་མཁན་པས་མེ་སོར་ཙ་མུན་ཏྲའི་གནས་སུ་འཕྲལ་དུ་བྲིས།
༢༠༢༥/༤/༢༡/༡༠/༢༥
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།