སྲིད་པའི་འཁོར་ལོ་ཞེས་བྱ་བ་བཞུགས་སོ།
སྲིད་པའི་འཁོར་ལོ་ཞེས་པ་འདི་ནི། ངན་འགྲོ་དང་བདེ་འགྲོ་གཉིས་སུ་འདུས་པའི་རིགས་དྲུག་གི་སེམས་ཅན་ཀུན་སྲིད་པ་འཁོར་བ་ན་ཇི་ལྟར་འཁོར་ཞིང་འཁྱམས་པ་དང༌། དེའི་རྒྱུ་དང་བཅས་པ་སྟོན་པའི་རི་མོ་སྟེ། རི་མོ་འདི་ཉིད་ཐོག་མར་རྒྱ་གར་གྱི་རྒྱལ་པོ་གཟུགས་ཅན་སྙིང་པོས་སངས་རྒྱས་ཤཱཀྱ་ཐུབ་པའི་བཀའ་བཞིན། སྒྲ་སྒྲོག་གི་རྒྱལ་པོ་ཨུ་ཊ་ཡ་ནར་སྐྱེས་ལན་དུ་བྲིས་པར་གྲགས།
རི་མོའི་དབུས་སུ་བྱ་སྦྲུལ་ཕག་གསུམ་གྱི་གཟུགས་བརྙན་སྣང་བ་ནི། འགྲོ་དྲུག་འཁོར་བར་འཁོར་བྱེད་ཀྱི་རྒྱུ་གཙོ་བོ་ཉོན་མོངས་དུག་གསུམ་མཚོན་པ་ཡིན་ཏེ། དང་པོ་བྱ་ནི་འདོད་ཆགས་ཀྱི་མཚོན་བྱེད་དང༌། གཉིས་པ་སྦྲུལ་ནི་ཞེ་སྡང་གི་མཚོན་བྱེད། གསུམ་པ་ཕག་པ་ནི་གཏི་མུག་གི་མཚོན་བྱེད་ཡིན་པ་དང༌། བྱ་སྦྲུལ་གཉིས་ཕག་པའི་ཁ་ནས་ཐོན་པ་བྲིས་པ་ནི་འཁོར་པའི་ཉེས་དམིགས་ཐམས་ཅད་ཉོན་མོངས་དུག་གསུམ་ལས་བསྐྱེད་ཅིང༌། ཆགས་སྡང་གཉིས་ཀྱང་མ་རིག་པའི་རྒྱུ་གཙོ་བོ་གཏི་མུག་ལས་བྱུང་བ་མཚོན་པ་ཡིན། བྱ་དང་སྦྲུལ། ཕག་པ་བཅས་ཀྱི་རི་མོ་འདི་འབྲི་ཚུལ་ཅུང་མི་འདྲ་བའང་ཡོད་སྐད། དེའི་མཐའ་རུ་ལམ་དཀར་ནག་གཉིས་བྲིས་པ་ནི། བདེ་འགྲོ་དང་ངན་འགྲོའི་བར་སྲིད་ལ་དགེ་སྡིག་གི་ལས་དཀར་ནག་གཉིས་སུ་ངེས་པར་མཚོན། དེ་ཡང་སྡིག་པའི་རྣམ་སྨིན་གྱིས་ངན་སོང་དུ་ལྷུང་ངེས་བ་ཞིག་ཡིན་ན། བར་དོའི་སྲིད་པར་མགོ་བོ་ཐུར་དུ་བཙུགས་ནས་འགྲོ་བའི་སྣང་བ་དང༌། ལས་མཁན་གྱི་ཐག་པས་བཀྱིག་ནས་དབང་མེད་དུ་འཁྲིད་འགྲོ། འོན་ཀྱང་དགེ་བའི་བསོད་ནམས་ཀྱིས་མཐོ་རིས་སུ་སྐྱེས་པ་ཞིག་ཡིན་ན། མཚན་མོར་ཟླ་འོད་ཀྱིས་ཁྱབ་པའམ་གངས་རི་ལ་ཉི་འོད་ཀྱིས་ཐོག་མར་ཕོག་པ་ལྟ་བུ་དང་ལམ་གྱེན་དུ་འགྲོ་བའམ། ཐད་ཀར་འགྲོ་བ་སོགས་ཀྱི་སྣང་བ་འཆར་བ་དང༌། ལས་མཁན་སོགས་ཀྱི་འཇིགས་སྣང་གི་སྡུག་བསྔལ་དང་བྲལ་བའོ།
འཁོར་ལོའི་རྩིབས་བར་དྲུག་ཏུ་ལྷ་དང་མི། ལྷ་མ་ཡིན་བཅས་བདེ་འགྲོ་གསུམ་དང༌། དམྱལ་བ། ཡི་དྭགས། དུད་འགྲོ་སྟེ་ངན་འགྲོ་གསུམ་བཅས་རིམ་པར་བཀོད་དེ་བྲིས་པ་ནི། འགྲོ་བ་རིགས་དྲུག་གི་སྡུག་བསྔལ་བསྟན་པ་ཡིན་ལ། མཚོན་དོན་ནི། མར་གྱུར་འགྲོ་བ་ཀུན་ཐར་བ་མ་ཐོབ་བར་དུ་འགྲོ་བ་རིགས་དྲུག་ཏུ་རེས་མོས་ཀྱིས་ཚེ་འཕོས་ཏེ་སྡུག་བསྔལ་མྱངས་ཤིང་མྱོང་བ་དེ་ཡིན། འཁོར་ལོའི་མཐའ་འཁོར་གྱི་དྲ་མིག་བཅུ་གཉིས་ནི། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་མཚོན་བྱེད་དེ། དང་པོ་དམུས་ལོང་འཁར་རྒྱུག་ལ་བརྟེན་པ་དེས་མ་རིག་པའི་རྟེན་འབྲེལ་མཚོན་ཞིང༌། གཉིས་པ་རྫ་མཁན་གྱིས་འདུ་བྱེད་ཀྱི་རྟེན་འབྲེལ་མཚོན། གསུམ་པ་སྤྲེའུ་ཤིང་རྩེར་རྩེན་པ་དེས་རྣམ་ཤེས་ཀྱི་རྟེན་འབྲེལ་མཚོན། བཞི་པ་གྲུ་གཟིངས་ཀྱིས་མིང་གཟུགས་ཅི་རིགས་པའི་རྟེན་འབྲེལ་མཚོན། ལྔ་པ་ཁང་སྟོང་གིས་སྐྱེ་མཆེད་ཀྱི་རྟེན་འབྲེལ་མཚོན། དྲུག་པ་ཕོ་མོ་ཕན་ཚུན་འཁྱུད་ཅིང་འོ་བྱེད་པ་དེས་རེག་པའི་རྟེན་འབྲེལ་མཚོན། བདུན་པ་མིག་ཏུ་མདའ་ཟུག་པས་ཚོར་བའི་རྟེན་འབྲེལ་མཚོན། བརྒྱད་པ་སྐྱེ་བོས་ཆང་འཐུང་བ་དེས་སྲེད་པའི་རྟེན་འབྲེལ་མཚོན། དགུ་པ་སྤྲེའུས་ཤིང་ཏོག་བཏོག་པ་དེས་ལེན་པའི་རྟེན་འབྲེལ་མཚོན། བཅུ་པ་བུད་མེད་སྦྲུམ་མ་དེས་སྲིད་པའི་རྟེན་འབྲེལ་མཚོན། བཅུ་གཅིག་པ་ཕྲུ་གུ་བཙའ་བ་དེས་སྐྱེ་བའི་རྟེན་འབྲེལ་མཚོན། བཅུ་གཉིས་པ་མི་རོ་འཁུར་བ་དེས་རྒ་ཤི་ཅི་རིགས་པའི་རྟེན་འབྲེལ་མཚོན་ནོ།
དེ་ཐམས་ཅད་འཁོར་ལོའི་རྣམ་པར་འཆི་བདག་གི་ཁ་དང་རྐང་ལག་བཞིས་དམ་དུ་བཟུང་བར་བྲིས་པ་དེས། ལས་དང་ཉོན་མོངས་པའི་དབང་གིས་འཇིག་རྟེན་འདིར་སྐྱེ་བ་ལེན་པ་མཐའ་དག་མཐར་འཆི་བདག་གི་དབང་དུ་མ་གྱུར་པ་མེད་པ་དང༌། དེ་ཡང་ལན་རེ་གཉིས་ཙམ་མ་ཡིན་པར། ཇི་སྲིད་འཁོར་བའི་རྩ་བ་མ་སྤངས་པ་དེ་སྲིད་དུ། སྐྱེ་རྒ་ན་འཆིའི་སྡུག་བསྔལ་འཁོར་མོར་མྱངས་ཏེ་སྲིད་རྩེ་ནས་མནར་མེད་བར་རྟག་ཏུ་འཁོར་བ་མཚོན། སྟེང་དུ་ཟླ་བའི་གཟུགས་བརྙན་བྲིས་པ་ནི། སྡུག་བསྔལ་མཐའ་དག་གི་དབེན་པའི་ཞི་བ་མྱང་འདས་སམ་བདུད་བཞི་ཕྲ་རགས་མ་ལུས་པ་བཅོམ་པའི་རྣམ་མཁྱེན་གྱི་གོ་འཕང་མཚོན། དེ་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཕྱག་བརྐྱངས་ཏེ་བསྟན་པ་ནི། ཞི་བ་མྱང་འདས་འདི་ལྟ་བུ་ཞིག་མ་ཐོབ་ན། འཁོར་བའི་རྒྱ་མཚོའི་སྡུག་བསྔལ་གྱི་ཀློང་ནས་རྟག་ཏུ་འཁོར་བ་ལས་ཐར་དུས་མེད་པས། སེམས་ཅན་ཀུན་གྱིས་ཞི་བ་མྱང་འདས་ཀྱི་གོ་འཕང་ཐོབ་པའི་ཐབས་ལ་བརྩོན་ཅིག་ཅེས་བརྡ་ཐབས་ཀྱིས་འདོམས་པར་མཛད་པ་མཚོན་ནོ།
Leave a Reply